འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་9ཉིན།

༄༅།།ཡུན་ནན་བདེ་ཆེན་ཀྲོའུ་ཡིས་གནས་བབ་གཏན་འཁེལ་འཕྱུགས་མེད་བྱས་ནས་མདུན་དུ་སྐྱོད་པ། (སྨད་ཆ)

—— དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པའི་སྐོར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་09ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཧྥན།
   བདེ་ཆེན་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཞིག་དེ་ཡིན་ཞིང་། བོད་རིགས་དང་། ལི་སུའུ་རིགས། འཇང་རིགས། དབྱིས་རིགས། པའེ་རིགས་སོགས་མི་རིགས་26འཚོ་སྡོད་བྱེད་པའི་ནང་མི་རབས་ནས་མི་རབས་བར་གནས་འདིར་སྡོད་པའི་མི་རིགས་11ཡོད་པ་དང་། མི་སྟོང་ཡན་ཟིན་པའི་མི་རབས་ནས་མི་རབས་བར་སྡོད་པའི་མི་རིགས་9ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་ཐེམ་ཁོངས་ཀྲོའུ་དེ་ནས་ཡིན་པའི་མི་འབོར་གྱི་89.17%བཟུང་ཡོད། ཡུལ་འདིར་མི་རིགས་མང་པོ་འཚོ་སྡོད་བྱེད་ལ། ཆོས་ལུགས་མང་པོ་མཉམ་དུ་གནས་ཤིང་། རིག་གནས་མང་པོ་མཉམ་དུ་གནས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ས་བབ་མཐོ་ཤོས་དང་། གསོ་རླུང་དཀོན་ཤོས། སྣོད་བཅུད་ཁོར་ཡུག་ཞན་ཤོས། བརྟན་ལྷིང་སྲུང་སྐྱོང་གི་གནོན་ཤུགས་ཆེ་ཤོས་བཅས་ཀྱི་ས་ཆ་ཡང་ཡིན། ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཤིང་། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆར་སྟངས་འཛིན་ནན་པོ་བྱས་ནས“ཉིན་རེར་བརྡ་ཁྱབ་རེ་གཏོང་བ”དང་། “ཉིན་རེར་བཅའ་ཁྲིམས་རེ་ཁྱབ་གདལ་གཏོང་བ”“གཟའ་འཁོར་རེར་བཅར་གླེང་རེ་བྱེད་པ”སོགས་ཀྱི་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་མཉམ་དུ་མཐུན་སྒྲིལ་ཡར་རྒྱས་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བསམ་པའི་རྨང་གཞི་བརྟན་པོ་བཙུགས་ནས་ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་རྫོགས་མེད་གསོན་ཤུགས་ཀྱིས་ཁེངས་པ་རེད།
    ད་ཕན་ལོ་ཤིས་རིང་། ཀྲོའུ་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་73.6བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ཐོན་ལས་ཀྱི་ལས་ཞུགས་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར་སོགས་རྣམ་གྲངས་ཆེན་པོ་9ཡི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ལོངས་སུ་སྤྱོད་ཐུབ་ནས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། བཅའ་འདྲི་བྱེད་རིང་གསར་འགོད་པས་འཇིབ་ཆུང་དང་རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་མི་སེར་གྱི་ཁྱིམ་དུ་ཁྱབ་ཡོད་པ་དང་། སྤྱི་ཚོགས་འགན་སྲུང་དྲ་བ་ཇེ་བརྟན་དུ་སོང་བ། ཆུང་དུས་གསོ་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་པ་བསྟེན་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་དུས་སྐྱོར་མཁན་ཡོད་པ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་རྟོགས་བྱུང་།
    བདེ་ཆེན་ཀྲོའུ་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཤིང་། འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མེད་པའི་གནད་དོན་ལ་དམིགས་ནས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ་འཇུག་གཞིར་བྱེད་པ་དང་། མཐུན་རྐྱེན་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་སོགས་ཀྱི་རྣམ་གྲངས་ལ་དམིགས་པ་བཅས་བྱས་ནས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དེ་བས་མང་བའི་མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུ་བསྐྲུན་ཡོད།
    “མགྱོགས་པོ་རེད། ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཤུགས་འགྲེམས་མེ་འཁོར་བདེ་ཆེན་དུ་སླེབས་རྒྱུ་རེད”ཟླ་10ཚེས་13ཉིན་གཏམ་བཟང་འདི་ས་མཐོའི་ས་ཆ་གང་སར་ཁྱབ་ཅིང་། ལྗིད་ཚད་ཏུན་640ཟིན་པའི་ལྕགས་གདོང་མཐའ་མ་དེ་གནད་སྨིན་ངང་དཔྱང་སྒྲིག་བྱས་པ་དང་བསྟུན་ནས་ས་ཐམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་སྦྲེལ་མཐུད་ཐུབ་ཡོད། ས་ཐམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། བདེ་ཆེན་གྱི་འགྲིམ་འགྲུལ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་གཏོང་དང་ལམ་ཐིག་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱེད་པ་ཞིག མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག “འཕེལ་རྒྱས་དང་། མཐུན་སྒྲིལ། བདེ་སྐྱིད་བཅས་ཀྱི་ལམ་བུ”ཞིག་བཅས་ཡིན་པ་རེད།
     ས་སེར་ཞིང་ཁའི་ཐོག་ཏུ་གནམ་ཆུར་བསྒུགས་ནས་སྡོད་པ་དང་། ལོ་ཏོག་ལས་གྲོད་པ་མི་རྒྱགས་པའི་འཚོ་བ་ནི་བདེ་ཆེན་རྫོང་ཐང་སྟེང་ཤང་ཐང་སྟེང་གྲོང་ཚོའི་ཀུའེ་ལུང་ཚོགས་ཆུང་གི་གྲོང་མི་ཆོས་སྐྱིད་སྒྲོལ་མའི་ཕ་མེས་ཡང་མེས་ཀྱི་འཚོ་བའི་རྣམ་པ་རེད། “གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ངས་བྱ་དེ་གསོས་ནས་ཟླ་རེར་བྱ་དེ་ཁྲི་1ལྷག་ཙམ་འཚོང་གི་ཡོད” ལམ་བུ་ཤར་གཏོད་ཐུབ་པ་ན་བྱ་གཞག་སྣ་ཚོགས་དར། ཆོས་སྐྱིད་སྒྲོལ་མ་རང་ཉིད་ཕྱུག་པོ་ཆགས་པ་མ་ཟད། ད་དུང་མཐའ་འཁོར་གྱི་དུད་ཚང་100གསོ་ཚགས་ལ་ཞུགས་སུ་བཅུག་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ཡན་བྱུང་ཡོད། “གལ་ཏེ་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཚེ། ངའི་བྱ་དེ་པེ་ཅིང་དང་ཧྲང་ཧའེ་སོགས་སུ་བཙོང་ཐུབ”ཅེས་རང་གི་བསམ་ཚུལ་བརྗོད་བཞིན་ངོ་གདོང་ནས་འཛུམ་མདངས་འཕྱུར།
     བདེ་ཆེན་ཀྲོའུ་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་གཞུང་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་7783ཟིན་ཡོད། ས་ཐམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་སེམས་ཀྱི་ཉི་ཟླ་ནས་ས་ཐམ་བར་གྱི་མྱུར་བགྲོད་གཞུང་ལམ་ད་ལྟ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་ལ། ཀྲོའུ་ཡོངས་སུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་གཙོས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཞིག་གཏོད་ཐུབ་ཉེར་ཡོད་པས། མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་སྐྱོད་དེ་བས་སྟབས་བདེ་དང་ཕྱི་ཕྱོགས་དང་འགྲོ་འོང་དེ་བས་དམ་ཟབ་ཏུ་འགྲོ་ངེས་རེད། མིག་སྔར་བདེ་ཆེན་ཀྲོའུ་འཕེལ་རྒྱས་ཀྱི་དུས་རབས་ཡག་ཤོས་སུ་གནས་པ་དང་ལོ་རྒྱུས་ཀྱི་གོ་སྐབས་ཡག་ཤོས་འཕྲད་ཡོད།
    སྔ་འཛིན་ཕྱི་མཐུད་ཀྱི་འདུ་ཤེས་གསར་པ་དང་། སྲིད་ཇུས་གསར་པ། བྱ་ཐབས་གསར་པ་རབ་དང་རིམ་པ་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་། ཀྲོའུ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་གཅིག་གྱུར་ཏན་ཏིག་བྱས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ། ལས་འགན་ཁག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བཅས་བྱས་ནས་དུས་རབས་གསར་པའི་བདེ་ཆེན་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
    “ཆབ་སྲིད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དེ་དུས་རབས་གསར་པའི་བདེ་ཆེན་གསར་པའི་ངོ་བོའི་ཁྱད་ཆོས་སུ་བརྩིས་ནས‘སྲུང་སྐྱོང་གཉིས’ལག་བསྟར་བྱེད་མཁན་གྱི་མིག་དཔེར་བརྩོན་ལེན་ཧུར་ཐག”བྱས་པ་དང་། “ཁྲིམས་ལྟར་ཀྲོའུ་སྐྱོང་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་དུས་རབས་གསར་པའི་བདེ་ཆེན་གསར་པའི་སྔོན་འགྲོའི་ཆ་རྐྱེན་དང་པོ་དེར་བརྩིས་ནས་བོད་འབྲེལ་གཙོ་གནད་ཀྲོའུ(གྲོང་ཁྱེར)ཡི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་གྱི་མིག་དཔེར་བརྩོན་ལེན་ཧུར་ཐག”བྱས་པ། “མི་རིགས་འདྲ་མཉམ་མཐའ་འཁྱོངས་བྱས་ཏེ‘མི་རིགས་ཁག་ཁྱིམ་ཚང་གཅིག་ཡིན། ནང་མི་ཚང་མས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ’དེ་དུས་རབས་གསར་པའི་བདེ་ཆེན་གསར་པའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་བརྩིས་ནས་ཡུན་ནན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་མིག་དཔེར་བརྩོན་ལེན་ཧུར་ཐག”བྱེད་པ་སོགས་དུས་རབས་གསར་པའི་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་བདེ་ཆེན་གསར་པའི་འཆར་འགོད་བཟོ་བཞིན་ཡོད་ལ་ལག་བསྟར་ཡང་བྱེད་བཞིན་ཡོད་པ་རེད།