མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་
གཙོ་སྐྱོང་གནང་ནས་ནན་བཤད་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་
ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་མཉམ་
འདྲེས་གཏིང་ཟབ་དང་ཕན་འབྲས་ཆེ་བའི་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་04ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དྲུག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ཚད་བརྒལ་ཆེན་པོ་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུ་མ་ཟད། སྒྱུར་བཅོས་འདི་ཉིད་སླར་ཡང་འགག་གནད་གསར་པ་ཞིག་ཏུ་སླེབས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་པར། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ནང་གནས་འབྲེལ་བ་མུ་མཐུད་ཁོང་དུ་ཆུད་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གཏིང་ཟབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་དམ་པོར་དམིགས་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་པ། སྒྱུར་བཅོས་ཀྱི་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། དམིགས་སའི་རང་བཞིན་བཅས་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་འདི་ཉིད་འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་འདུན། དམངས་སེམས་གཏད་ཕྱོགས་བཅས་དང་དེ་བས་ལེགས་པའི་སྒོ་ནས་སྦྲེལ་མཐུད་བྱེད་པ་དང་འབྲེལ། སྒྱུར་བཅོས་དང་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་དང་ཕན་འབྲས་ཆེ་བའི་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག《དུས་རབས་གསར་པར་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་བཟང་སྒྲིག་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བསྐྲུན་རྒྱུའི་བྱ་སྤྱོད་ཇུས་གཞི》 《གཞུང་ཁོངས་རྒྱུ་ནོར་དོ་དམ་བྱ་ཚུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》《རྒན་གསོ་སྐྱོང་བཅོལ་ཞབས་ཞུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《ནགས་དཔོན་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《རིག་གནས་ཁེ་ལས་ཀྱིས་ཡང་དག་པའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《ཁྲོམ་ཞུགས་ཀུང་སི་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ལག་བསྟར་ཇུས་གཞི》《དངུལ་འཛིན་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་ད་དུང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་ཇུས་ལེགས་སུ་གཏོང་བ་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་ཚད་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེ་བས་འཚམ་པ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མིག་སྔའི་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་ཇུས་གྲུབ་ཆར་ལྷག་པའི་གནད་དོན་ལ་དམིགས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་གཙོ་རྐང་དུ་བྱེད་པ་དང་། བྱེད་རིན་ཡོད་མེད་ལ་ལྟ་རྒྱུ་མཐའ་འཁྱོངས། འཐབ་ཇུས་ཀྱི་བདེ་འཇགས་དང་། ཐོན་ལས་ཀྱི་ཁྲིད་སྟོན། རྒྱལ་ཇུས་དམངས་འཚོ། སྤྱི་པའི་ཞབས་འདེགས་སོགས་ཀྱི་ནུས་པར་དམིགས་པ། གསོག་འབོར་གྱི་གྲུབ་ཆ་ལེགས་སྒྲིག འཕར་འབོར་གཏོང་ཕྱོགས་ལེགས་འགྱུར། གཞུང་ཁོངས་ཁེ་ལས་ཀྱི་རྒྱ་སྟོབས་དེ་བས་ཆེ་རུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་མ་ཤོར་སྔོན་འགོག་མཐའ་གཅིག་ཏུ་བཅས་བྱས་ཏེ། གཞུང་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་། གསར་གཏོད་ནུས་པ། ཚོད་འཛིན་ནུས་པ། ཤུགས་རྐྱེན་ནུས་པ། ཉེན་ཁ་འགོག་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒན་གསོ་བཅོལ་གསོའི་ཞབས་འདེགས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “རྒན་གཅིག་ཆུང་གཅིག”གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་གཞོན་གཅེས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བ་དང་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། མི་འབོར་གྱི་ཁྱབ་ཚུལ་དང་གྲུབ་ཆའི་འགྱུར་ལྡོག་ལ་གཞིགས་པ། ཁྱིམ་ཚང་གི་རྒན་གསོ་བྱིས་སྐྱོང་གི་རྨང་གཞིའི་གནས་བབ་བརྟན་དུ་གཏོང་བ། སྲིད་གཞུང་གི་གཞི་རྩའི་འགན་སྲུང་གི་ཐ་སྐྱོང་འགན་ནུས་ལ་ཤུགས་སྣོན། རྒས་དུས་འཚོ་རྟེན་ཡོད་པ་དང་བྱིས་པ་སྐྱོང་མཁན་ཡོད་པའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྣ་མང་བྱེད་པོའི་བྱེད་ཐབས་སྣ་ཚོགས་ཀྱི་ཞབས་འདེགས་མཁོ་འདོན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞབས་འདེགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ནགས་ཚལ་དང་རྩྭ་ཐང་ནི་རང་བྱུང་སྣོད་བཅུད་མ་ལག་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ལྡན་ཡོད། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བར། རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་གི་བླང་བྱ་ལྟར། སྣོད་བཅུད་སྔོན་ལ་འཇོག་པ་དང་སྲུང་སྐྱོང་གཙོ་བོ་མཐའ་འཁྱོངས་དང་། སྔོ་ལྗང་འཕེལ་རྒྱས་དང་སྣོད་བཅུད་དམངས་ཕན་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་ནགས་དཔོན་གྱི་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འགན་འཁྲི་གསལ་པོ་ཡོང་བར་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིག་གནས་ཁེ་ལས་ཀྱིས་དམིགས་བསལ་གྱི་སྤྱི་ཚོགས་འགན་འཁྲི་ཁུར་ནས། རིག་གནས་ཁེ་ལས་སྣ་ཚོགས་ཀྱིས་ཡང་དག་པའི་སྟོན་ཕྱོགས་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་དར་སྤེལ་གཏོང་བ་དང་ལག་བསྟར། ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་ཡང་དག་འཛུགས་པ། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ། ཀྲུང་གོ་མི་དམངས་ཀྱི་མཛེས་དཔྱད་དོན་གཉེར་མཚོན་པར་བྱེད་པ། རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་། སྤྱི་ཚོགས་སྤྱི་པའི་སྒྲིག་ལམ་དང་སྲོལ་བཟང་སྲུང་སྐྱོང་། སྤྱི་ཚོགས་ཀྱི་འགན་འཁྲི་དང་ཀུན་སྤྱོད་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་བཅས་བྱས་ནས། སྐྱོན་བྲལ་ཡར་ཐོན་དང་སྤུས་ཚད་ལེགས་པའི་རིག་གནས་བརྩམས་ཆོས་གསར་རྩོམ་ལ་ཁྲིད་སྟོན་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཁྲོམ་ཞུགས་ཀུང་སི་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དངུལ་འཛིན་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་ནི་ཕྱོགས་ཡོངས་ནས་མ་རྩའི་ཁྲོམ་ར་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་གོ་རིམ་སྟབས་བདེ་རུ་གཏོང་བ། སྣ་མང་ཕྱིར་འཐེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ལྟ་འདོམས་ནན་དུ་གཏོང་བ་བཅས་བྱས་ཏེ། རྒྱུན་རྣམ་ཅན་གྱི་ཕྱིར་འཐེན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དངུལ་འཛིན་གྱི་ཁྲིམས་བསྟར་ཁྲིམས་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་ལ་ཞིབ་བཤེར་ཐག་གཅོད་དང་ཁྲིམས་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། མ་རྩའི་ཁྲོམ་རའི་ཁྲིམས་སྐྱོང་དང་ཁ་དན་ཚིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ས་ཁོངས་ལས་སྒྲོལ་བའི་ལྟ་འདོམས་ཀྱི་ཁྲིམས་འཛིན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་བཟང་པོ་འཛུགས་པར་སྐུལ་འདེད་གཏོང་དགོས།

  
style="display:none;"