མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་
འགན་གཙང་བླངས་པའི་ས་ཞིང་གི་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་04ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ● ཁྲིམས་ལྟར་ཞིང་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ཐིམ་རྗེས་སླར་ཡང་ལོ་30རིང་དུ་གཏོང་རྒྱུའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ལ་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་འཕེལ་བར་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་བསྒྲུབས་ཏེ་ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་གི་རྒྱུ་དངོས་བདག་དབང་སྲུང་སྐྱོང་གཏན་འཁེལ་བྱུང་ནས་ཞིང་པར་ཡུན་རིང་ཕན་པའི “སེམས་རྣལ་རིལ་བུ”ཐོབ་པ་དང་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་སོང་ཡོད། དུས་རབས་གསར་པར་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཁྲིམས་ལྟར་ཞིང་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་ཀྱི་ས་ཞིང་ཞིང་པ་མཉམ་སྡེབ་ལ་དབང་བའི་ལམ་ལུགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས། ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་གནས་བབ་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་གྲུབ་འབྲས་སྤྱད་དེ་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ཐིམ་རྗེས་སླར་ཡང་ལོ་30རིང་དུ་གཏོང་རྒྱུའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡོང་བར་བྱེད་པ་མ་ཟད་ཡུན་རིང་མི་འགྱུར་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
     ཞི་ཅིན་ཕིང་གིས་ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། མཉམ་སྡེབ་ལ་དབང་བའི་དབང་ཆ་དང་། ཞིང་དུད་ཀྱི་འགན་གཙང་ལེན་དབང་། ས་ཞིང་གཉེར་སྐྱོང་བྱེད་དབང་བཅས་མངོན་འགྱུར་ནུས་ལྡན་བྱེད་པའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ས་ཞིང་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། ཞིང་ལས་ཀྱི་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་རྩ་འཛུགས་འཕེལ་རྒྱས་སྟོབས་ཆེར་གཏོང་བ། རྒྱ་ཆེའི་ཞིང་དུད་ཆུང་གྲས་དེང་རབས་ཞིང་ལས་དང་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ལ་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་རྒྱས་ནས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་མཐུན་རྐྱེན་བསྐྲུན་དགོས་ཞེས་བསྟན་ཡོད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པ་ནི་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་དང་དབང་ཆ་གཏན་འཁེལ་གྱི་གྲུབ་འབྲས་སྲ་བརྟན་དང་བེད་སྤྱོད་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་དང་། འགན་གཙང་ལེན་དབང་། གཉེར་སྐྱོང་བྱེད་དབང་བཅས་ལོགས་སུ་དབྱེ་བའི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ཐིམ་རྗེས་སླར་ཡང་ལོ་30རིང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་པ་དུང་ཕྱུར་མང་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཁྱིམ་ཚང་གི་གཉེར་སྐྱོང་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་རྣམ་པ་སྣ་ཚོགས་འཕེལ་རྒྱས་གཏོང་བ་དང་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་བསྟན་ཡོད།
     ཚེས་2ཉིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་གྱི་ཕྱོགས་སྡོམ་དང་གཟེངས་བསྟོད་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་ཞིག་དང་གྲོང་གསེབ་སྒྱུར་བཅོས་ཟབ་གཏོང་གི་ལས་འགན་གལ་ཆེན་ཞིག་རེད། དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་གྲུབ་འབྲས་བརྟན་དུ་ཏན་ཏིག་བཏང་ནས་ས་ཞིང་འགན་གཙང་ལེན་པའི་ཞིང་པའི་གཉེར་སྐྱོང་དབང་ཆར་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ཐིམ་རྗེས་མུ་མཐུད་འགན་གཙང་སྤྲོད་པའི་ཚོད་ལྟར་སྐུལ་འདེད་བརྟན་པོ་བཏང་ནས་ཞིང་དུད་མང་ཆེ་བའི་སྔར་ཡོད་ཀྱི་འགན་གཙང་བླངས་པའི་ས་ཞིང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། འགན་གཙང་བླངས་པའི་རྨོ་ཞིང་གི་སྤྱོད་སྒོ་རྩིས་སྤྲོད་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ཀྱི་སྤྱོད་སྒོ་རྒྱུན་འཁྱོངས་ཀྱིས་འབྲུ་འདེབས་ས་ཞིང་འབྲུ་མིན་ས་ཞིང་དུ་འགྱུར་བ་བཀག་འགོག་ནུས་ལྡན་དང་ས་ཞིང་ཞིང་མིན་ཅན་གཏན་འགོག་བྱེད་དགོས། གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་རྒྱུན་གཏན་དོ་དམ་ཞབས་ཞུའི་ལམ་སྲོལ་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དོ་དམ་ཞབས་ཞུའི་གནད་སྨིན་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

  
style="display:none;"