འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་4ཉིན།

༄༅།།ལས་སྒོ་གཉེར་བར་སྟབས་བདེ་བས། དམངས་ཀྱི་སེམས་པ་དགའ་ལྷང་ལྷང་།

—— མཚོ་སྔོན་གྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྐོར་ལ་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་04ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཉིང་དང་ཞེ་ཐུང་ཆང་།  ཟི་ལིང་གྲོང་ཁྱེར་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁྲལ་སྒྲུབ་ཞབས་ཞུའི་ལྟེ་གནས་ཀྱི་རྒྱ་ཆེ་བའི་ཚོམས་ཆེན་དུ་རྐུབ་སྟེགས་སྟར་པ་རེ་རེ་ནས་ལས་དོན་པས་ཁ་པར་ཐོག་ནས་དོགས་གནད་སེལ་བའི་སྐད་སྒྲ་གྲགས་འོང་།
    “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱས་རྗེས་ཚོམས་ཆེན་ནང་སྔོན་མའི་འདུ་འཛི་ཆེ་བ་དང་། འཚང་ཁ་རྒྱག་པ། གྲལ་སྟར་སྒྲིག་པ་བཅས་ཀྱི་སྣང་ཚུལ་མཐོང་རྒྱུ་མེད་པ་རེད། ངེས་པར་དུ་ས་གནས་ས་ཐོག་ཏུ་བསྐྱོད་ནས་ལས་སྒོ་གཉེར་དགོས་པ་ཕུད། སྤ་སེ་ལེན་པ་དང་། ཁྲལ་གྲོན་རེ་ཞུ། ཁྲལ་དོན་སྒྱུར་བའི་ཐོ་འགོད་སོགས་ཚུད་པའི་ལས་སྒོ་མང་པོ་ཞིག་དྲ་ཐོག་ནས་གཉེར་ཆོག་གི་ཡོད་པ་རེད།
    “སྔོན་མ་ཉིན་གང་ཚོམས་ཆེན་ནང་ལུས་ཀྱི་འདུག བང་སྒྲིག་མཁན་མང་བ་མ་ཟད། ལས་ཕྱོད་ཀྱང་དེ་ཙམ་ཆེན་པོ་མི་འདུག ད་ཆ་ཚོམས་ཆེན་དུ་ཡོང་མི་དགོས་པ་དང་དཔང་ཡིག་ཀྱང་མང་པོ་དགོས་ཀྱི་མི་འདུག ལས་སྒོ་མང་ཆེ་བ་ཀུང་སི་ནས་སྒྲུབ་ཐུབ་ཀྱི་འདུག་པས་དཔྱད་གཞི་མང་པོ་ཁྱེར་ནས་བང་སྒྲིག་པར་འགྲོ་དགོས་མི་འདུག”ཅེས་ལས་སྒོ་གཉེར་བར་ཡོང་བའི་ཧན་ཡན་གྱིས་བཤད།
    ཚོམས་ཆེན་གྱི་སྤ་སེ་ལེན་སའི་འཕྲུལ་ཆས་མདུན་དུ་ལག་ནང་ཐོབ་ཐང་ལག་ཁྱེར་འཁྱེར་བའི་མཚོ་སྔོན་ཧོ་ཐེ་སྨན་རྫས་ཚད་ཡོད་ཀུང་སིའི་རྩིས་པ་ཀྲང་ཡུང་ཧྭ་ཡིས་སྤ་སེ་པར་འདེབས་བྱ་རྒྱུ་བསྒུགས་ནས་བསྡད་ཡོད་པ་རེད། “སྔོན་མ་སྤ་སེ་གསར་པ་འབྲི་དགོས་ཚེ་སྤ་སེ་རྙིང་པ་ཁྱེར་ནས་ཡོང་དགོས་ཀྱི་ཡོད། ནོར་བ་བྱུང་ཚེ་ཡང་བསྐྱར་ཡོང་དགོས་པས་ཞིབ་བཤེར་ཐེངས་མང་བྱས་ནས་ནོར་འཛོལ་མི་ཤོར་བ་བྱེད་དགོས་ཀྱི་ཡོད། ད་ཆ་ཐོབ་ཐང་ལག་ཁྱེར་ཁོ་ན་ཁྱེར་ན་འགྲིག་གི་འདུག མ་ལག་གིས་ཀུང་སིའི་ཆ་འཕྲིན་ཁག་དབྱེ་འབྱེད་བྱས་ནས་པར་འདེབས་བྱ་རྒྱུ་བསྒུགས་ན་འགྲིག་གི་འདུག”ཅེས་ཀྲང་ཡུང་ཧྭ་ཡིས་བཤད།
   “སྤ་སེ་ལེན་པའི་འཕྲུལ་ཆས་ཕུད་ང་ཚོས་ད་དུང་སྦྲགས་སྐྱེལ་གྱི་ལས་སྒོ་གཉེར་ཡོད། གྲོང་མི་ཚོས་སྔ་དྲོ་དྲ་ཐོག་ནས་སྔོན་མངགས་བྱས་ཚེ་ཕྱི་དྲོར་སྤ་སེ་ལེན་ཆོག་གི་ཡོད། འཕྲུལ་ཆས་ཀྱིས་ལས་སྒོ་མང་ཙམ་བསྒྲུབས་ནས་མང་ཚོགས་ཐེངས་མང་འགྲོ་མི་དགོས་པ་བྱུང་བས། ཚོམས་ཆེན་སྟོང་པར་གྱུར་ཀྱང་མང་ཚོགས་ཀྱི་སེམས་པ་དགའ་ལྷང་ལྷང་དུ་གྱུར་བས་ང་ཚོའི་ལས་དོན་ལ་དེ་བས་དོན་སྙིང་ཆེན་པོ་ལྡན”ཞེས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁྲལ་དོན་ཅུས་ཀྱི་ཁྲལ་འཇལ་ཞབས་ཞུའི་མ་རྐང་གི་འགན་འཁུར་བ་ཀྲང་ཁྲན་གྱིས་བཤད།
    ཁྲལ་དོན་ལས་སྒོ་ཕུད་ཁྱབ་ཁོངས་གཞན་དུ“གློད་སྡོམ་ཞབས་གསུམ”གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པ་དེས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད་པ་སྟེ། “དྲ་སྦྲེལ་དང་སྲིད་དོན་ཟུང་འབྲེལ”གྱི་ཞབས་ཞུའི“རིག་ནུས་དམངས་སྲིདAPP”ཞེས་པ་བཏོན་པ་དང་། “འཚོ་གནས་དཔང་རྟགས”ཀྱི་རྒྱང་རིང་བདེན་དཔང་ར་སྤྲོད་བྱས་ནས་ལས་གཉེར་མང་ཚོགས་ལ་སྟབས་བདེ་བསྐྲུན་པ། “དྲ་སྦྲེལ་+སྤྱི་གསོག་མ་དངུལ”གྱི་ལས་སྟེགས་བཏོད་ནས་དྲ་ཐོག་ལས་སྒྲུབ་དང་མི་ངོ་མ་ཡོང་མི་དགོས་པར་ཞིབ་བཤེར་ཆོག་མཆན་སྤྲད་དེ་རིམས་ནད་ཐོན་རིང་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ལས་སྒོ་ཁག་རྒྱུན་གཏན་ལྟར་གཉེར་ཐུབ་པའི་འགན་ལེན་བྱས་པ་སོགས་རེད།