འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་3ཉིན།

༄༅༎ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁ་པུར་སློབ་ཆེན་དུ་འཇབ་རྒོལ་བྱུང་ནས་མི་22རྐྱེན་ལམ་དུ་ཤོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་03ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་11ཚེས་2ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁ་པུར་འཇབ་རྒོལ་བྱ་ཡུལ་དངོས་ཀྱི་དམག་མིའི་རླངས་འཁོར།
ཟླ་11ཚེས་2ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁ་པུར་འཇབ་རྒོལ་བྱ་ཡུལ་དངོས་ཀྱི་དམག་མིའི་རླངས་འཁོར།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཁ་པུར་ནས་གློག་འཕྲིན་འབྱོར་གསལ། ཨ་ཧྥུ་ཀ་ནི་སི་ཐན་གྱི་ནང་སྲིད་པུའུ་ཡིས་ཚེས་2ཉིན་བཤད་རྒྱུར། རྒྱལ་ས་ཁ་པུར་ནུབ་རྒྱུད་དུ་གནས་པའི་ཁ་པུར་སློབ་ཆེན་ལ་ཉིན་དེར་དྲག་ཆས་པས་འཇབ་རྒོལ་བྱས་པ་དང་མིག་སྔར་མེ་མདའི་རྒྱག་རེས་མཇུག་འགྲིལ་ཞིང་། འཇབ་རྒོལ་བྱེད་མཁན་3ཚུད་པའི་མི་22རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་22ལ་རྨས་སྐྱོན་ཕོག་ཡོད་པ་རེད།
     ཨ་ཧྥུ་ཀ་ནི་སི་ཐན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཐ་ལི་ཁེ་ཨ་ལི་ཨན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། ས་གནས་དེ་གའི་དུས་ཚོད་ཚེས་2ཉིན་གྱི་ཆུ་ཚོད་11དང་སྐར་མ་10ཡས་མས་སུ། དྲག་ཆས་པ་ཁག་གཅིག་གིས་ཁ་པུར་སློབ་ཆེན་གྱི་ཤར་སྒོ་ནས་འབར་མདེལ་བཀད་ནས་སློབ་ཆེན་ནང་དུ་འཛུལ་ཞིང་། དེ་རྗེས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དཔུང་སྡེ་དང་དྲག་ཆས་པའི་བར་མེ་མདའི་རྒྱག་རེས་བྱས་པ་རེད། མིག་སྔར་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དཔུང་སྡེའི་ཚར་གཅོད་བྱ་སྤྱོད་མཇུག་འགྲིལ་བ་དང་འཇབ་རྒོལ་བ་3བསད་ཡོད་ཅེས་བརྗོད།
     ཨ་ལི་ཨན་གྱིས་ད་དུང་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དཔུང་སྡེས་ཁ་པུར་སློབ་ཆེན་གྱི་སློབ་གྲྭའི་ནང་ནས་དཀའ་ངལ་འཕྲད་པའི་སློབ་མ་དང་དགེ་རྒན་དང་ལས་བཟོ་བརྒྱ་ཕྲག་ཁ་ཤས་བསྐྱབས་མོད། འོན་ཀྱང་སློབ་མ་ཚུད་པའི་མི་19འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་22ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད།
     ས་གནས་དེ་གའི་ཡུལ་མི་ཚོས་ཕྱི་དྲོའི་ཆུ་ཚོད་3པ་ཡས་མས་སུ་ཁ་པུར་སློབ་ཆེན་དུ་བསྟུད་མར་འབར་གས་ཐེངས་གསུམ་བྱུང་བ་དང་། འབར་གས་ལས་བྱུང་བའི་དུ་སྤྲིན་རྒྱང་རིང་ནས་གསལ་པོར་མཐོང་ཐུབ་ཟེར།
     ཁ་པུར་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཝེ་གོ་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་དགེ་རྒན་བདེ་འཇགས་ཡིན། ཁ་པུར་སློབ་ཆེན་གྱི་ཚོགས་ཁང་དང་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་འཛུགས་སྐྲུན་རྣམ་གྲངས་ཀྱི་འགན་འཁུར་མཁན་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱི་འགན་འཁུར་བས་རྣམ་གྲངས་དེའི་ཀྲུང་གོ་ཕྱོགས་ཀྱི་ལས་བཟོ་ཚང་མ་ཡང་བདེ་འཇགས་ཡིན་ཟེར།
     མིག་སྔར་རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་འདི་བཟོས་པ་ཁྱབ་བསྒྲགས་བྱས་མེད།
     འདི་ནི་ཉེ་བའི་གཟའ་འཁོར་གཉིས་རིང་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་བྱུང་བའི་སློབ་གསོའི་ལས་ཁུངས་ལ་དམིགས་པའི་འཇབ་རྒོལ་ཐེངས་གཉིས་པ་རེད། ཟླ་10ཚེས་25ཉིན། ཁ་པུར་ནུབ་རྒྱུད་ཁའོ་སར་ཏ་ཉི་ཧྲི་ས་ཁུལ་གྱི་སྒེར་གཉེར་སློབ་གསོ་ལྟེ་གནས་ཤིག་གི་ཕྱི་རོལ་དུ་རང་སྲོག་གཅོད་པའི་རྣམ་པའི་འབར་མདེལ་གྱི་འཇབ་རྒོལ་བྱུང་ནས་མི་24རྐྱེན་ལམ་དུ་ཤོར་བ་དང་མི་57ལ་རྨས་སྐྱོན་ཕོག་ཡོད། ཤི་རྨས་བྱུང་མཁན་ཚང་མ་མི་སེར་ཡིན། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15828629.html)
【1】  【2】
ཟླ་11ཚེས་2ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁ་པུར་འཇབ་རྒོལ་བྱ་ཡུལ་དངོས་ཀྱི་དམག་མིའི་རླངས་འཁོར།
ཟླ་11ཚེས་2ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁ་པུར་འཇབ་རྒོལ་བྱ་ཡུལ་དངོས་ཀྱི་དམག་མིའི་རླངས་འཁོར།