འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་3ཉིན།

༄༅༎ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ལོ་5ཡི་རིང་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་1300ལྷག་ཙམ་བསྐྲུན་པ།
གྲོང་ཚོ་མཛེས་ཤིང་མང་ཚོགས་ཕྱུག་པའི་འབྱོར་འབྲིང་ལམ་བུར་བསྐྱོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་03ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▶ མེའོ་ཀོའུ་གྲོང་ཚོར་ད་ལྟ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་80ལྷག་ཙམ་ཡོད་པར་ལས་ཞུགས་མི་འབོར་400ལྷག་ཙམ་ཟིན་པ་དང་ལོའི་ཡོང་འབབ་སྒོར་ཁྲི་10ཡན་གྱི་དུད་ཚང་20ལྷག་ཙམ་ཡོད་པ་དེས་མི་3000ལྷག་ཙམ་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད།
     ▶ ལོ་5ཡི་རིང་རིམ་རྩིས་བརྒྱབ་ན་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་1300ལྷག་ཙམ་བསྐྲུན་པ།
     ▶ 2019ལོར་དཔའ་ཡུལ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་70ལྷག་ཙམ་ལ་ཆ་སྙོམས་ཁེ་སྤོགས་སྒོར་2000ལྷག་ཙམ་ཐོབ་པ།
     ▶ 2019ལོར་ཀྲོའུ་ཡོངས་ཀྱིས་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་1447ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་74ལྷག་ཙམ་ཟིན་པ།
     ཧན་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་ཉམས་འགྱུར་ལྡན་པའི་ཕྱི་དབྱིབས་དང་བོད་བཟོའི་ཤིང་ཁང་དང་ཡོལ་བ། སྒོ་ཁར་མེ་ཏོག་དང་རྩི་ཤིང་སྣ་ཚོགས་བཏབ་པའི་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཱ་ཙེ་རྫོང་གཡས་རི་སྒང་གྲོང་རྡལ་ཀོན་ཅེ་གྲོང་མེའོ་ཀོའུ་གྲོང་ཚོའི་ཁ་དན་ཚིག་གནས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་རྐུབ་སྟེགས་སྟོང་པ་གཅིག་ཀྱང་ལུས་མེད་ཅིང་། “ངའི་འདི་གར་རྒྱ་ཁྱོན་ཆེན་པོ་མེད་རུང་ལྟོ་ཆས་གཟའ་འཁོར་གཅིག་གི་སྔ་སྣུར་ནས་མངགས་དགོས་པ་དང་འདི་ལོའི་རིང་ད་བར་ང་ལ་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་བྱུང”ཞེས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དེའི་གཉེར་སྐྱོང་བ་ཀྲའོ་ཧོའེ་ཀྲུང་གིས་དགའ་ཚོར་ཆེན་པོས་བཤད།
     མེའོ་ཀོའུ་གྲོང་ཚོར་ད་ལྟ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་80ལྷག་ཙམ་ཡོད་པར་ལས་ཞུགས་མི་འབོར་400ལྷག་ཙམ་་ཟིན་པ་དང་ལོའི་ཡོང་འབབ་སྒོར་ཁྲི་10ཡན་གྱི་དུད་ཚང་20ལྷག་ཙམ་ཡོད་པ་དེས་མི་3000ལྷག་ཙམ་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད། ལོ་5ཡི་གོང་དུ་གྲོང་ཚོའི་ནང“བཙོག་ཟིང་ཞན”གསུམ་ཡིན་ཞིང་། ཀྲའོ་ཧོའེ་ཀྲུང་གིས་གྲོང་ཚོར་འགྱུར་ལྡོག་དེ་ལྟ་བུ་བྱུང་དོན་ནི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་བསྐྲུན་པ་རེད་ཅེས་བཤད།
     “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀན་ལྷོ་ཀྲོའུ་ཡིས་རང་བྱུང་གྲོང་ཚོ་གཞི་རྩའི་ཚན་པར་བྱས་པ་དང་ཞིང་འབྲོག་གྲོང་ཚོའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་དང་གྲོང་ཚོའི་རྣམ་པ་རིམ་པ་སྤོར་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། འབྱོར་འབྲིང་གྲོང་ཚོའི་གཞུང་ལམ་གཙོ་བོ་ཨར་འདམ་ལམ་དུ་བསྐྲུན་ཚད་100%ཟིན་པ་དང་། སྲང་ལམ་ཨར་འདམ་ལམ་དུ་བསྐྲུན་ཚད་90%ཡན་ཟིན་པ། གཞུང་ལམ་དང་སྲང་ལམ་གཙོ་བོ་མཛེས་བཟོ་བྱེད་ཁྱོན་80%ཡན་ཟིན་པ། རང་འབབ་ཆུ་ཀ་ལ་དུད་ཚང་དུ་ཤར་གཏོང་ཐུབ་ཚད་100%ཟིན་པ། གྲོང་ཚོར་ཁ་པར་དང་། ལག་ཁྱེར་ཁ་པར་གྱི་བརྡ་རྟགས། རླུང་འཕྲིན་བརྙན་འཕྲིན། སྐུད་མེད་དྲ་རྒྱའི་བརྡ་རྟགས་བཅས་ཡོངས་ཁྱབ་བྱུང་བ། ཞིང་འབྲོག་ཁྱིམ་ཚང་གི་གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་ཚད་85%ཡན་ཟིན་པ་བཅས་རེད། ལོ་5ཡི་རིང་རིམ་རྩིས་བརྒྱབ་ན་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་1300ལྷག་ཙམ་བསྐྲུན་པ་དང་ཞིང་འབྲོག་ཁུལ་གྱི་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་རེད།
     མཐའ་བཞི་རི་བོས་བསྐོར་བ་དང་ལྗོན་ཤིང་སྔོ་ཐིང་ངེར་གནས་པའི་ཅོ་ནེ་རྫོང་མ་རུ་གྲོང་རྡལ་དཔའ་ཡུལ་གྲོང་ཚོར་སྒར་ཁང་·ཁམས་བཟང་ནགས་ཚལ་སྒར་ས་རི་བོ་དང་བསྟུན་ནས་བསྐྲུན་པ་དང་ཕྱིང་གུར་དང་མཚན་མོ་སྐར་མར་ལྟད་མོ་ལྟ་ཁང་སོགས་གདོད་མའི་སྣོད་བཅུད་འགྲུལ་ཁང་14བསྐྲུན་ནས་ཡུལ་སྐོར་བར་ཐུན་མོང་མ་ཡིན་པའི་མྱོང་ཚོར་ཞིག་སྦྱིན་ཐུབ་ཀྱི་ཡོད་པ་རེད།
     “ཅོ་ནེའི་ཡུལ་དཔོན་དཔའ་ཡུལ་ཡ་མོན་གནའ་ཤུལ་ལ་བརྟེན་ནས་ནགས་ཚལ་སྒར་ས་ན་ནིང་བསྐྲུན་ཏེ་གཉེར་སྐྱོང་ཚོད་ལྟ་བྱས་པར་དུས་ཐེངས་དང་པོའི་སྒོ་མོ་དབྱེ་རྗེས་དགའ་བསུ་ཆེན་པོ་ཐོབ་པ་དང་ཡུལ་སྐོར་བ་མང་ཆེ་བ་ཁྲེང་ཏུའུ་དང་ཁྲུང་ཆིང་སོགས་ནས་ཡིན་ཞིང་། ཟླ་10པ་ཁོ་ནར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད”ཅེས་མ་རུ་གྲོང་རྡལ་གྱི་ཀྲེན་ཀྲང་ཁྲེན་ཅིས་རུང་གིས་བཤད་པ་དང་ནགས་ཚལ་སྒར་སའི་རྣམ་གྲངས་ཀྱིས་གྲོང་གསེབ་ཡུལ་སྐོར་གྱི་རིམ་པ་མཐོ་རུ་ཕྱིན་པ་དང་དེ་བས་གལ་ཆེ་བ་ཞིག་ནི་མ་རུ་གྲོང་རྡལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་246ཚང་མར་རྣམ་གྲངས་ཀྱི་ཁེ་སྤོགས་བགོ་འགྲེམས་ཐོབ་པར་བརྟེན་ནས་2019ལོར་དཔའ་ཡུལ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་70ལྷག་ཙམ་ལ་ཆ་སྙོམས་ཁེ་སྤོགས་སྒོར་2000ལྷག་ཙམ་རག་པ་རེད།
     ཀན་ལྷོ་ཀྲོའུ་ཡིས་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྣང་ཆེན་བྱས་ཏེ་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོའི་གནས་འདེམས་པ་དང་བཀོད་སྒྲིག་བྱེད་སྐབས་གྲོང་ཚོ་དབུལ་པོ་འཛུགས་སྐྲུན་གྱི་ཁྱབ་ཁོངས་ནང་འཇུག་གང་ཐུབ་བྱས་པར་ཁྱོན་གྲོང་ཚོ་དབུལ་པོ་875དང་། དུད་ཚང་དབུལ་པོ་ཁྲི་2.66 མི་འབོར་དབུལ་པོ་ཁྲི་11.17བཅས་ལ་ཁྱབ་ནས་ཀྲོའུ་དེ་ཡོངས་ཀྱི་54.5%དང་། 24.4% 22.8%སོ་སོར་བཟུང་ཡོད།
     སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་རིང་དཔའ་ཡུལ་གྲོང་ཚོས་གྲོང་མི་ཚོགས་ཆུང་གི་འགྲོ་ལམ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་ཆུ་གཤངས་འབུད་མདོང་ལམ་བཏིང་པ་དང་འཐུས་སྒོ་ཚང་དུ་བཏང་བ། གཙང་སྦྲ་དོད་པའི་གསང་སྤྱོད་193བསྐྲུན་པ་བཅས་བྱས་པས་སྡོད་མལ་ཁོར་ཡུག་ལེགས་སུ་ཆེས་ཆེར་ཕྱིན་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཀྱང་དེ་དང་བསྟུན་ནས་འཕེལ་རྒྱས་ཕྱིན་པ་རེད། མིག་སྔའི་བར་གསོལ་མགྲོན་ཁང་དང་། ཁྱིམ་ཚང་མགྲོན་ཁང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཅས་80ལྷག་ཙམ་ཡོད་པར་དུད་ཚང་དབུལ་པོ་68ལ་སྐུལ་ཁྲིད་བྱུང་ཡོད། 2019ལོར་དཔའ་ཡུལ་གྲོང་ཚོས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་50ལྷག་ཙམ་ཟིན་ནས་ཡུལ་སྐོར་ཞབས་ཞུའི་ལས་རིགས་ལ་ཡོང་འབབ་སྒོར་ཁྲི་5600ལྷག་ཙམ་བྱུང་བ་རེད།
     ཅོ་ནེ་རྫོང་ཨ་བཟི་ཐང་གྲོང་རྡལ་ཨ་བཟི་ཐང་མར་ནང་གྲོང་ཚོའི་གྲོང་མི་ཉིའུ་པའོ་ལེ་ནི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་ཁྲོད་ཕན་པ་ཐོབ་མཁན་ཞིག་ཡིན་ཞིང་། 2018ལོར་ཉིའུ་པའོ་ལེའི་བཟའ་ཟླར་ཀླད་རྩའི་ནད་ཕོག་པས་བཟའ་ཟླ་དང་ཕྲུ་གུར་ལྟ་རྟོག་བྱེད་དགོས་སྟབས་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་འགྲོ་ཐུབ་མེད། གྲོང་ཚོས་ཁོང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་བཅུག་པ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོང་རྗེས་གད་སྙིགས་དབོར་འདྲེན་དང་གཙང་སྦྲ་བྱེད་མཁན་མཁོ་བས་གྲོང་ཚོས་ཁོང་སླར་ཡང་གད་སྙིགས་དབོར་མཁན་དུ་བཀོད་སྒྲིག་བྱས་ཏེ་ཟླ་རེར་ཡོང་འབབ་སྒོར་2000ལྷག་ཙམ་ལེན་རྒྱུ་བྱུང་བ་རེད།
     གྲོང་ཚོའི་ཡུལ་སྐོར་ཐོན་ལས་གྲ་རྒྱས་སུ་གཏོང་བ་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་ཨ་བཟི་ཐང་མར་ནང་གྲོང་ཚོས“ཏང་འཛུགས་སྐྱོང་+གྲོང་གསེབ་ཀྱི་ཡུལ་སྐོར+འདེབས་འཛུགས་ལས་རིགས་+ལས་སྣོན་ལས་རིགས་+དྲ་ཐོག་སྐྱེལ་འདྲེན་ཚོང་གཉེར”བཅས་ཀྱི་དཔེ་དབྱིབས་འཚོལ་ཞིབ་བྱས་ནས་ནུས་ཤུགས་ཡོད་རྒུས་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བ་རེད། ད་ཆ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་འཕེལ་རྒྱས་བཏང་བ་དང“གསེར་མདོག”ཨ་བཟི་ཐང་སྤུས་རྟགས་ཀྱི་རྫ་ཆུ་དང་། ནས་ཆང་། པད་ཁའི་སྣུམ་བཅས་བྲིན་ཁ་རྒྱུག་པོ་ཡོད་པའི་ཁར། རླངས་གཟུགས་མེ་འཁོར་ཆུང་ཆུང་དང་འཇའ་ཚོན་ཤུད་ལམ་སོགས་རོལ་རྩེད་སྒྲིག་ཆས་གཉེར་སྐྱོང་བྱས་པར་སྔོན་དཔག་བྱས་ན་འདི་ལོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་40ཙམ་ཟིན་རྒྱུ་རེད།
     གྲོང་ཚོའི་དཔལ་འབྱོར་རྨང་གཞི་ཡག་ཏུ་ཕྱིན་པ་དང་བསྟུན་ནས་གྲོང་མིར་ཕན་པ་ཆེན་པོ་ཐོབ་ཡོད་ཅིང་། ཁེ་སྤོགས་བགོ་རྒྱུ་ཡོད་པ་ཕུད། ངལ་རྩོལ་ནུས་ཤུགས་ཡོད་པའི་ཞིང་དུད་ཀྱིས་ད་དུང“གྲོང་ཚོའི་ལས་བསྡུའི”ལས་གནས་བརྒྱུད་ཡོང་འབབ་བསགས་ཐུབ་ཀྱི་ཡོད་པ་རེད། “སྣུམ་བཙག་ཁང་དང་། ཆང་ཁང་། ཁྱིམ་ཚང་མགྲོན་ཁང་བཅས་ཀྱི་ཡོང་འབབ་ཐུན་མོང་ཐོག་བགོ་བཤའ་རྒྱག་གི་ཡོད་པས་ཚོད་དཔག་རགས་ཙམ་བྱས་ན་ལོ་མཇུག་ཏུ་དུད་ཚང་རེར་ཉུང་མཐར་ཡང་ཡོང་འབབ་སྒོར་600ཡོད་པ་རེད”ཅེས་ཀྲེན་ཀྲང་ཧྥན་ཡུས་ཧྥུང་གིས་བཤད།
     ཨ་བཟི་ཐང་མར་ནང་གྲོང་ཚོ་ནི་ཀན་ལྷོ་ཀྲོའུ་ཡི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་བསྡུས་རིས་ཤིག་ཡིན་ཞིང་། ཀན་ལྷོ་ཀྲོའུ་ཡིས་ཉེ་བའི་ལོ་ཤས་རིང་ཞིང་འབྲོག་གྲོང་ཚོའི་ཉེན་ཁང་དང་ཁང་པ་རྙིང་པ་དང་གྲོང་ཚོའི་རྣམ་པ་ཁྱད་ལྡན་ཅན་སྒྱུར་བཀོད་ལ་སྐུལ་འདེད་བཏང་སྟེ། གཞུང་ལམ་དང་ཆུ་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་གྲོང་ཚོ་ཚང་མའི་ཐོན་ཁུངས་དང་ཐོན་ལས་ཀྱི་གནས་བབ་ལ་བརྟེན་ནས་ཡུལ་བབ་དང་བསྟུན་ཏེ་སྣོད་བཅུད་མྱོང་རོལ་རྣམ་པ་དང་། ཁྱད་ལྡན་ཐོན་ལས་རྣམ་པ། སོས་དལ་སྤྲོ་གསེང་རྣམ་པ། དམངས་སྲོལ་རིག་གནས་རྣམ་པ། གསར་བརྗེའི་ཡུལ་སྐོར་རྣམ་པ་སོགས་རིགས་ཆེན་པོ་ལྔའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་བསྐྲུན་ཞིང་། ལོ་5རིང་ཀན་ལྷོ་ཀྲོའུ་ཡི་ཡུལ་སྐོར་བ་རྒྱུན་མཐུད་འཕར་ནས་2019ལོར་ཀྲོའུ་ཡོངས་སུ་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་1447ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་74ལྷག་ཙམ་ཟིན་ཡོད་པ་རེད།