འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་3ཉིན།

༄༅༎ལས་རིགས་སློབ་གསོས་ལོ་ལྟར་སྤྱི་ཚོགས་ལ་རྩལ་ནུས་ཤེས་ལྡན་པ་ཁྲི་1000ཙམ་གསོ་སྐྱོང་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་03ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     སློབ་གསོའི་རྣམ་པ་འདྲ་མིན་ནང་ལས་རིགས་སློབ་གསོ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཧ་ཅང་ཟབ་མོ་ཡོད། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་རིང་རང་རྒྱལ་གྱི་ལས་རིགས་སློབ་གསོར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ལས་རིགས་སློབ་གསོའི་མ་ལག་ཅིག་ཆགས་པ་དང་། རང་རྒྱལ་གྱི་རིམ་པ་ཁག་དང་རིགས་ཁག་གི་ལས་རིགས་སློབ་གླིང་གིས་སློབ་ཐོན་སློབ་མ་དུང་ཕྱུར་2ལྷག་ཙམ་གསོ་སྐྱོང་བྱས་ཡོད། ད་ཆ་རིམ་པ་ཁག་དང་རིགས་ཁག་གི་ལས་རིགས་སློབ་གླིང་གིས་ལོ་ལྟར་སློབ་ཐོན་སློབ་མ་ཁྲི་1000ཙམ་གསོ་སྐྱོང་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མེད་དུ་མི་རུང་བའི་མི་ཤུགས་ཐོན་ཁུངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་ཀྱི་ཡོད།
     ཁེ་ལས་འབྲིང་ཆུང་གཅིག་སྡུད་ངང་འཕེལ་རྒྱས་གཏོང་བ་དང་ས་ཁོངས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་འདེགས་སྐྱོར་བྱས་པ།
     བཟོ་ལས་རྟེན་གཞིའི་ཁུལ་རྙིང་པ་ཧུའུ་ནན་ཀྲུའུ་ཀྲོའུ་ཡིས་ཇི་ལྟར་བྱས་ནས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱས་པ་ཡིན་ནམ་ཞེ་ན། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བར་ཐོན་ལས་འཁོར་སྦྲེལ་དང་། གསར་གཏོད་འཁོར་སྦྲེལ། ཤེས་ལྡན་མི་སྣའི་འཁོར་སྦྲེལ་བཅས་སྦྲེལ་མཐུད་ཐུབ་པ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་ལ་ཕུགས་ཀྱི་ཇུས་གཞི་ཞིག་ཀྱང་རེད། 2009ལོར་ཀྲུའུ་ཀྲོའུ་ལས་རིགས་སློབ་གསོ་ཚན་རྩལ་གླིང་བསྐྲུན་འགོ་ཚུགས་པ་དང་ད་ཆ་ལས་རིགས་སློབ་གསོའི་ཚོགས་པ་11དང་ཆེད་ལས་དང་སྦྲེལ་མཐུད་བྱུང་བའི་ཞིང་ཆེན་དང་གྲོང་ཁྱེར་རིམ་གཉིས་ཀྱི་གཙོ་གནད་ཐོན་ལས་220ཡོད་པ་རེད།
     ཐོན་ལས་སྦྲེལ་མཐུད་དང་བཀོད་པ་ལེགས་སུ་གཏོང་བ་ནི་ལས་རིགས་སློབ་གསོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གཙོ་བོ་ཞིག་རེད། ཉེ་བའི་ལོ་ཤས་རིང་འདུས་གྲུབ་གློག་ལམ་ལག་རྩལ་བེད་སྤྱོད་དང་མི་ཐབས་ཀྱི་རིག་ནུས་ལག་རྩལ་ཞབས་ཞུ་སོགས་ཆེད་ལས་གསར་པ་ཁག་གཅིག་མང་དུ་བཏང་བ་དང་རྒྱལ་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གླིང་གིས་ཆེད་ལས་1200ལྷག་ཙམ་དང་ཆེད་ལས་ས་ཚིགས་ཁྲི་10གསར་དུ་བཙུགས་ཡོད་པ་རེད།
     ད་ཆ་དེང་རབས་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་སོགས་ཀྱི་ཁྱབ་ཁོངས་ནང་འཐབ་ས་དང་པོར་ལས་དོན་མི་སྣ་70%མང་དུ་ཕྱིན་པ་དག་ལས་རིགས་སློབ་གླིང་ནས་ཐོན་པ་ཤ་སྟག་རེད། ལས་རིགས་སློབ་གླིང་གི་སློབ་ཐོན་སློབ་མ་རྣམས་ཁེ་ལས་འབྲིང་ཆུང་གཅིག་སྡུད་འཕེལ་རྒྱས་གཏོང་བ་དང་ས་ཁོངས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་འདེགས་སྐྱོར་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་ཏུ་གྱུར་ཡོད་པ་རེད།
     དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་ཞབས་འདེགས་ཞུས་པ།
     གྲངས་གཞི་ལས་མངོན་པར། ལས་རིགས་སློབ་གླིང་གི་སློབ་མ་70%ཡན་ནི་གྲོང་གསེབ་ནས་ཡིན་ཞིང་། ལས་རིགས་སློབ་གསོ་དེ་ཕན་འབྲས་ཐོན་མགྱོགས་པ་དང་ཕན་འབྲས་མངོན་གསལ་དོད་པའི་སློབ་གསོའི་དབུལ་སྐྱོར་བྱེད་སྟངས་ཤིག་ཏུ་གྱུར་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། 《2019ལོའི་ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་ཀྱི་ལོ་འཁོར་སྙན་ཞུ》ལས་མངོན་པར། གྲོང་གསེབ་ཀྱི་ཁྱིམ་ཚང་གི་སློབ་ཐོན་སློབ་མའི་ཡོང་འབབ་མང་དུ་གཏོང་བའི་ཐད་མཐོ་རིམ་ལས་རིགས་སློབ་གསོས་ནུས་པ་ཆེན་པོ་ཐོན་པ་མངོན་ཡོད།
     2016ལོ་ནས་བཟུང་། རང་རྒྱལ་གྱིས་ཐ་སྐྱོང་རྣམ་པའི་ཐོག་ནས་ནུབ་རྒྱུད་ས་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་ལོ་འདི་ག་དང་ལོ་དེ་སྔའི་དམའ་འབྲིང་དང་མཐོ་འབྲིང་གི་སློབ་ཐོན་སློབ་མ་ཤར་རྒྱུད་ས་ཁུལ་དུ་སྤུས་ལེགས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་དང་ལེན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། སློབ་གྲྭ་ཐོན་རྗེས་སློབ་མའི་འདོད་བློ་གཞིར་བཟུང་སྔོན་དུ་ཤར་རྒྱུད་ས་ཁུལ་དུ་ལས་ཞུགས་བྱེད་པར་འོས་སྦྱོར་བྱས་ནས་ལས་ཞུགས་དབུལ་སྒྲོལ་ཐུབ་པ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ལས་རིགས་སློབ་གསོས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་དང་། སློབ་སྐྱོར་རོགས་དངུལ། སློབ་ཡོན་རྩ་ཆག་གཏོང་རྒྱུ་གཙོ་བོར་བྱས་པ་དང་ས་གནས་སྲིད་གཞུང་གིས་རོགས་དངུལ་སྤྲོད་པ་དང་སློབ་གྲྭ་དང་སྤྱི་ཚོགས་ཀྱིས་རོགས་དངུལ་སྤྲོད་པ་སོགས་ཀྱི་ཁ་གསབ་ཏུ་བྱེད་པའི་རོགས་དངུལ་སྤྲོད་པའི་སྲིད་ཇུས་མ་ལག་བཏོན་ནས་ཁྱིམ་ཚང་གི་དཔལ་འབྱོར་གྱི་དཀའ་ངལ་དབང་གིས་སློབ་མ་སློབ་མཚམས་འཇོག་དགོས་བྱུང་བ་དང་། སློབ་ཡོན་གྱི་རྐྱེན་གྱིས་དབུལ་པོ་ཆགས་པ། སློབ་ཡོན་གྱི་རྐྱེན་གྱིས་དབུལ་པོ་བསྐྱར་ལོག་བཅས་ཀྱི་སྣང་ཚུལ་མི་ཐོན་པའི་འགན་ལེན་བྱས་པ་རེད།
     ལས་ཞུགས་བརྟན་པོ་དང་རྒྱ་ཆེར་བཏང་ནས་སྤུས་ཚད་དེ་བས་མཐོ་བ་དང་དེ་བས་འདང་ངེས་ཀྱི་ལས་ཞུགས་མངོན་འགྱུར་ཐུབ་པ་བྱས་པ།
     2019ལོར་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ཚན་གྱི་སློབ་ཐོན་སློབ་མ་ལས་ཞུགས་བྱེད་ཚད་92.0%ཟིན་ནས་ལོ་11བསྟུད་མར་90%ལས་བརྒལ་བ་དང་། འབྲིང་རིམ་ལས་རིགས་སློབ་ཐོན་སློབ་མ་ལས་ཞུགས་བྱེད་ཚད་97.07%ཟིན་ནས་ལོ་11བསྟུད་མར་95%ལས་བརྒལ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། ལས་རིགས་སློབ་གསོས་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་བཏང་ནས་སྤུས་ཚད་དེ་བས་མཐོ་བ་དང་དེ་བས་འདང་ངེས་ཀྱི་ལས་ཞུགས་མངོན་འགྱུར་ཡོང་བའི་ཐད་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། 2019ལོར་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་ཁྲི་116.45བསྡུ་ཚད་མང་དུ་བཏང་ནས་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཁྲི་སྟོང་བསྡུ་བའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་འདི་ལོ་དང་སང་ལོར་མུ་མཐུད་སློབ་མ་ཁྲི་200བསྡུ་ཚད་མང་དུ་གཏོང་རྒྱུ་ཡིན་པ་རེད། སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་འདི་ལོ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་གཅིག་ནས་ལས་རིགས་སློབ་གླིང་གི་སློབ་མ་ལས་ཐོག་དངོས་སྦྱོང་བྱེད་པར་མཛུབ་ཁྲིད་དང་། ཕྱོགས་གཞན་ཞིག་ནས་ལས་རིགས་སློབ་གླིང་གི་སློབ་ཐོན་སློབ་མ་ལས་ཞུགས་བྱེད་ཤུགས་ཆེ་རུ་བཏང་ཡོད། ཧུའུ་པེའི་མཐོ་རིམ་ལས་རིགས་སློབ་གླིང་གི་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་བདེ་བླག་ཡོང་བར་རོགས་རམ་བྱ་ཆེད། སློབ་གསོ་པུས་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི“གཅིག་རོགས་གཅིག”གི་བྱ་སྤྱོད་སྤེལ་བ་བརྒྱུད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་སྔ་རྗེས་སུ་མཐོ་རིམ་ལས་རིགས་སློབ་གླིང་ཁག་གཉིས་སྒྲིག་འཛུགས་བྱས་ནས་ཧུའུ་པེ་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཚང་མ་དང་སྦྲེལ་མཐུད་བྱས་ཡོད་ཅེས་ངོ་སྤྲོད་བྱས།
     སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་ལས་རིགས་སློབ་གསོས་དཔལ་འབྱོར་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཤེས་ལྡན་པ་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་ཀྱི་ཡོད། དེས་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། སླད་ཕྱིན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མུ་མཐུད་ཐོག་མཐའ་བར་གསུམ་དུ་བསྐྱོད་པ་དང་། ཐོན་ལས་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་བཏང་ནས་ཀུན་སྤྱོད་དང་ལག་རྩལ་གཉིས་ཀ་སྦྱོང་བ་དང་ལས་སློབ་ཟུང་འབྲེལ་གྱི་མི་སྣ་གསོ་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་ཤུགས་འདོན་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་འདེགས་སྐྱོར་བྱེད་པ། མི་སྣ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བ་བྱེད་པར་རྨང་གཞི་འདིང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།