མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་01ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི་སྐོར་ལ། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་དེ་བཞིན་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་རྗེས། དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་འཛུགས་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་རེད། ང་ཚོའི་མིག་མདུན་དུ་འཕྲད་པའི་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ནི་རྩེ་རིམ་ཇུས་འགོད་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་མུ་མཐུད་ལག་བསྟར་དོན་འཁྱོལ་བྱེད་པ། དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་ཀྱི་གྲོས་འགོ་ཡག་པོ་བཟོ་བ་བཅས་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་འབྱུང་འགྱུར་ལོ་5དང་དུས་ཚོད་དེ་བས་རིང་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
     ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཐའོ་ཀྲི་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཁོང་ཚོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་ཚད་མཐོའི་གདེང་འཇོག་གནང་བ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི་བསམ་གཞིགས་ལ་ཡིད་མཐུན་གནང་བ་མ་ཟད། ད་དུང་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སུ་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཆགས་པར་བྱེད་པ། གསར་གཏོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། རང་རྒྱལ་གྱི་འགག་རྩའི་སྒྲིག་ཆས་ཀྱི་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་གྱི་སྦྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བརྟན་པོའི་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་གྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། འཆར་འགོད་ཀྱི་ཁྲིམས་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྒོ་དབྱེ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།
     ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཐོག་མར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགྲོའི་བསམ་གཞིགས་དང་ཡིག་ཆ་བཟོ་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས། ཀྲུང་གུང་ཀྲུང་དབྱང་གིས་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བརྗོད་དོན་གཙོ་བོ་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་གྲོས་འགོར་ཞིབ་འཇུག་བྱ་རྒྱུའི་གཏན་འབེབས་བྱས་ཡོད། འདི་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་འགན་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོར་སྤྱི་འདོམས་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་བཅས་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གྲོས་འགོ་ཡག་པོ་བཟོས་ནས་འཆར་འགོད་རྩ་གནད་བཟོ་བར་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པ་དང་སྤྱི་ཚོགས་ལ་མ་འོངས་པའི་ལོ་ལྔའི་རིང་རང་རྒྱལ་འཕེལ་རྒྱས་གཏོང་བའི་དམིགས་ཚད་གཙོ་བོ་དང་། སྔོན་འཇོག་ཁྱབ་ཁོངས། གཙོ་གནད་ལས་འགན་བཅས་བརྒྱུད་བསྒྲགས་བྱེད་དགོས། དེ་འདྲ་བྱས་ན་སྤྱི་ཚོགས་ཡོངས་ལ་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་ཁྲིད་སྟོན་ཐུབ་སྟེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གྲོས་འགོ་ཡག་པོ་བཟོ་བར་ངེས་པར་དུ་འབྲེལ་བ་ཆེན་པོ་ཁ་ཤས་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་སྟེ། གཅིག་ནས་རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་སྦྲེལ་མཐུད་དམ་ཟབ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་པ། གསུམ་ནས་སྒོ་དབྱེ་དང་རང་བརྟེན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་དགོས་པ། བཞི་ནས་འཕེལ་རྒྱས་དང་བདེ་འཇགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ། ལྔ་ནས་འཐབ་ཇུས་དང་འཐབ་རྩལ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་གཟིགས་རྒྱང་རིང་པོ་དང་དངོས་གཉེར་གོ་ཆོད་ཀྱི་འཆར་འགོད་ཀྱི་གྲོས་འགོ་ཡག་པོ་བཟོ་དགོས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། འཕེལ་རྒྱས་ཀྱི་ཁོར་ཡུག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། སྤྱིའི་བསམ་ཕྱོགས་དང་དམིགས་ཚད་གཙོ་བོར་ཞིབ་འཇུག་གཏིང་ཟབ་བྱེད་པ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་གི་བྱེད་ཐབས་གལ་ཆེན་འདོན་པ། སྔ་བལྟས་ཕྱི་བསམ་གྱི་སྒོ་ནས་ཉེན་ཁ་ཆེན་པོར་ཁ་གཏད་འཇལ་བའི་སྔོན་ཇུས་འགོད་པ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས། འདི་ལོ་ནས་བཟུང་། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། རྟོག་ཞིབ་དང་བརྟག་ཞིབ་སྣ་ཚོགས་བྱས་པ་བརྒྱུད་སྤུས་ཚད་མཐོ་བའི་བརྟག་ཞིབ་བྱས་འབྲས་ཁག་གཅིག་གྲུབ་པར་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཀོད་སྒྲིག་ལ་གྲ་སྒྲིག་ནན་ཏན་བྱས་ཡོད། ཟླ་4པའི་ཟླ་སྨད་དུ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མངགས་བཅོལ་བྱས་པ་བརྒྱུད། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བརྗོད་དོན་གཙོ་བོའི་སྐོར་གྱི་ཚང་མའི་བསམ་འཆར་དང་གྲོས་འགོ་ཆེད་མངགས་བསྡུ་ལེན་བྱས་ཡོད། བློ་མཐུན་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྩའི་བསམ་ཕྱོགས་དང་། འཕེལ་རྒྱས་ཀྱི་དམིགས་ཚད། འཐབ་ཇུས་གལ་ཆེན། ལས་འགན་གཙོ་བོ། སྒྱུར་བཅོས་བྱེད་ཐབས་སོགས་ཐད་རིན་ཐང་ཆེ་བའི་བསམ་འཆར་དང་གྲོས་འགོ་མི་ཉུང་བ་ཞིག་བཏོན་ནས་གྲོས་འགོའི་མ་ཟིན་འགོད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ད་གིན་ཚང་མས་གཏམ་བཤད་བྱེད་སྐབས་གང་བསམ་ལྷུག་གླེང་ངང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་སྐོར་གྱི་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་ལས་རང་ཉིད་ཀྱི་བློ་སྒོ་ཕྱེས་སོང་། ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཚང་མས་མུ་མཐུད་བསམ་གཞིག་དང་ཞིབ་འཇུག་བྱས་ནས་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་མུ་མཐུད་འདོན་རྒྱུའི་རེ་བ་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ངོས་འཛིན་གཏིང་ཟབ་ཐུབ་པ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ། རང་འགུལ་ངང་འགྲན་སློང་ཧུར་ཐག་བསུ་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཉེན་ཁ་དེ་གོ་སྐབས་སུ་འགྱུར་བ་ཧུར་ཐག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གྲུབ་ཆའི་རང་བཞིན་དང་། དུས་འཁོར་རང་བཞིན། སྒྲིག་སྲོལ་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་ཏེ། ཤུགས་ཆེ་ལ་རྒྱུན་མཐུད་པའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་བསྲིང་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང《གྲོས་འགོར》གཞིགས་ནས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན》གཏན་འབེབས་བྱེད་དགོས་ཞེས་བསྟན་གནང་བ་རེད།

  
style="display:none;"