མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཛམ་གླིང་གི་ཚན་རིག་མཁས་ཅན་རྩེ་གྲའི་གླེང་སྟེགས་སྐབས་གསུམ་པར(2020)
བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་01ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་10ཚེས་30ཉིན་ཧྲང་ཧའེ་རུ་འཛམ་གླིང་གི་ཚན་རིག་མཁས་ཅན་རྩེ་གྲའི་གླེང་སྟེགས་སྐབས་གསུམ་པ(2020)འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་བརྙན་ལམ་ཐོག་ནས་ཤིས་ཚིག་གསུང་བཞིན་པ།

ཟླ་10ཚེས་30ཉིན་ཧྲང་ཧའེ་རུ་འཛམ་གླིང་གི་ཚན་རིག་མཁས་ཅན་རྩེ་གྲའི་གླེང་སྟེགས་སྐབས་གསུམ་པ(2020)འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་བརྙན་ལམ་ཐོག་ནས་ཤིས་ཚིག་གསུང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་30ཉིན་ཧྲང་ཧའེ་རུ་འཛམ་གླིང་གི་ཚན་རིག་མཁས་ཅན་རྩེ་གྲའི་གླེང་སྟེགས་སྐབས་གསུམ་པ(2020)འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་རྒྱལ་ཁབ་ཁག་གི་ཚན་རིག་མཁས་ཅན་གྱིས་རིམས་འགོག་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྨན་བཅོས་དང་། སྨན་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་དང་གསར་སྤེལ། དེ་བཞིན་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་མང་པོའི་ཐད་ཚན་རྩལ་གྱི་འགག་སྒྲོལ་དང་རྒྱལ་ཁོངས་བརྒལ་བའི་མཉམ་ལས་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔའི་དུས་བབ་འོག་དང་ལྷག་དོན་དུ་ཏོག་གསར་གློ་ཚད་ཀྱི་སྨན་དང་སྨན་ཁབ་དེ་བཞིན་བརྟག་དཔྱད་ཁྱབ་ཁོངས་ཀྱི་ཞིབ་འཇུག་མཉམ་ལས་བྱེད་དགོས་པར་བརྟེན། གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བདེ་ཐང་སོགས་ཐུན་མོང་གི་གནད་དོན་ལ་དམིགས་ཏེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་མིའི་རིགས་ལ་སྔར་བས་བདེ་རྩ་བསྐྲུན་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོས་ཚན་རྩལ་གསར་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གསར་གཏོད་ཉིད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོས་སྔར་བས་སྒོ་དབྱེ་བསྟུན་མཁས་དང་གཉིས་ཕན་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་གོ་ལ་ཧྲིལ་པོའི་ཚན་རིག་མཁས་ཅན་རྩེ་གྲ་དང་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་དང་མཉམ་དུ་ཚན་རིག་གི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐུན་མོང་རང་བཞིན་གྱི་ཚན་རིག་ལག་རྩལ་གྱི་དཀའ་གནད་སེལ་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཀྱི་འཐབ་ཇུས་ཚན་རིག་རྣམ་གྲངས་ལ་གཞོགས་འདེགས་བྱེད་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། ཚན་རིག་མཁས་ཅན་ཚོས་བསམ་བློ་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འཛམ་གླིང་གི་ཚན་རིག་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"