འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅༎བསྟན་པ་རབ་བརྟན་དགེ་སློབ་ཀྱི་ཐང་གའི་བརྩམས་ཆོས་ལྷ་སར་འགྲེམས་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བསྟན་པ་རབ་བརྟན་དགེ་སློབ་ཀྱི་ཐང་གའི་བརྩམས་ཆོས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།
འདི་ནི་བསྟན་པ་རབ་བརྟན་དགེ་སློབ་ཀྱི་ཐང་གའི་བརྩམས་ཆོས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་23ཉིན་བོད་ལྗོངས་ཀྱི་ལྷ་རིས་པ་གྲགས་ཅན་བསྟན་པ་རབ་བརྟན་དང་དེའི་སློབ་ཕྲུག་གི་བརྩམས་ཆོས་འགྲེམས་སྟོན་བོད་ལྗོངས་དབུ་ལམ་སྒྱུ་རྩལ་ལྟེ་གནས་སུ་འགྲེམས་སྟོན་བྱས་པ་རེད།
     ད་ཐེངས་ཀྱི་འགྲེམས་སྟོན་ནི་བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་ཡིན་ལ། ཁྱོན་བརྩམས་ཆོས་100འཚོལ་བསྡུ་བྱས་ཡོད་པ་ཚང་མ་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་དང་དེའི་དགེ་ཕྲུག་ཚོས་གསར་རྩོམ་བྱས་པ་ཤ་སྟག་རེད། བརྩམས་ཆོས་ཀྱིས་རྒྱུན་འཛིན་གསར་གཏོད་བྱས་ཡོད་ལ་ཁྱད་ཆོས་མངོན་གསལ་ལྡན་པས། དེ་ནི་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གྱིས་ལོ་མང་རིང་སློབ་ཁྲིད་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཡིན་པ་དང་། བརྩམས་ཆོས་རེ་རེའི་ཐོག་ནས་སློབ་མ་ཚོས་སྲོལ་རྒྱུན་གྱི་རི་མོར་དགའ་ཞེན་བྱེད་པ་དང་འབད་པ་ལྷོད་མེད་བྱེད་བཞིན་པ་མཚོན་གྱི་ཡོད།
     བསྟན་པ་རབ་བརྟན་ནི། 1941ལོར་བོད་ལྗོངས་ལྷོ་ཁའི་སྐད་གྲགས་ཆེ་བའི་ལྷ་རིས་པ་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། དུས་རབས་གསར་རྙིང་གཉིས་བརྒལ་བའི་ཐང་ག་མཁས་པ་ཞིག་ཡིན་པའི་ངོས་ནས། བསྟན་པ་རབ་བརྟན་ནི་ཐང་ག་མཐོ་རིམ་སློབ་གསོའི་མ་ལག་ནང་འདྲེན་མཁན་ཐོག་མ་དེར་གྱུར་ཡོད་དེ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་དང་པོ་ཡིན་པ་དང་འབྲེལ་བོད་ལྗོངས་སུ་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭ་བཙུགས་པ་རེད།
     དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གྱིས་ངག་སློབ་དཔེ་སྟོན་དང་། ཀུན་སྤྱོད་ལག་བསྟར་བྱས་པར་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་། བོད་ཀྱི་མཛེས་རྩལ་སློབ་གསོའི་བྱ་གཞག་གི་རྒྱུན་འཛིན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། 1990ལོར་ཝུའུ་ཙུའོ་རེན་རྒྱལ་སྤྱིའི་མཛེས་རྩལ་ཐེབས་རྩ་ཚོགས་པའི་མཛེས་རྩལ་སློབ་གསོའི་བྱ་དགའ་ཐོབ། 2000ལོར་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་ཐོབ་པ་དང་། 2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨན་ཐང་ལུགས་ཀྱི་རྒྱུན་འཛིན་པའི་མིང་གཞུང་ནང་ཚུད་པ། 2014ལོར་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་མཁས་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
     ལོ་27ལ་སླེབས་པའི་དཀོན་མཆོག་བསྟན་འཛིན་ནི་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གྱི་སློབ་མའི་གྲས་ཤིག་རེད། དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གྱི་མདུན་ནས་ཐང་ག་བཞེངས་ཚུལ་བསླབས་ནས་ལོ་7སོང་ཡོད། “དེ་རིང་གི་འགྲེམས་སྟོན་བརྩམས་ཆོས་ནང་ངས་ལོ་གཉིས་ཀྱི་དུས་ཚོད་སྤྱད་ནས་གྲུབ་པའི་སློབ་ཐོན་བརྩམས་ཆོས《རིགས་གསུམ་མགོན་པོ》ཡོད”ཅེས་དཀོན་མཆོག་བསྟན་འཛིན་གྱིས་རང་ཉིད་སློབ་ཐོན་བརྩམས་ཆོས་འོག་གི་བོད་ཡིག་ངོ་སྤྲོད་ལ་མཛུབ་མོ་བཙུགས་ནས་བཤད་རྒྱུར། ངོ་སྤྲོད་འདི་ནི་རྒན་བསྟན་པ་རབ་བརྟན་གྱིས་བྲིས་པ་རེད། ནང་དོན་གཙོ་བོ་ནི་དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ལ་སྤྱི་བསྡོམས་བྱས་པ་ཡིན་ལ། ཡང་གཅིག་བཤད་ན་འདི་ནི་སློབ་མས་སྦྱང་གཞི་འགྲུབ་ནས་མཐར་ཕྱིན་ཆོག་པའི་མཚོན་རྟགས་ཡིན།
     འགྲེམས་སྟོན་བྱེད་རིང་། ཡུལ་དངོས་སུ་སླེབས་པའི་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གྱི་དགེ་ཕྲུག་ཚོས་བོད་ཀྱི་སྲོལ་རྒྱུན་ལྟར་རྒན་བསྟན་པ་རབ་བརྟན་ལ་ཁ་བཏགས་ཕུལ་ནས་གུས་བཀུར་མཚོན་ཡོད།
     བསྟན་པ་རབ་བརྟན་དགེ་སློབ་ཀྱི་ཐང་གའི་བརྩམས་ཆོས་འགྲེམས་སྟོན་ལ་རི་མོའི་སྒྱུ་རྩལ་མཁས་པ་དང་མཛེས་རྩལ་ལ་དགའ་པོ་བྱེད་མཁན་མང་པོའི་ཡིད་དབང་བཀུག་ཡོད། བོད་ལྗོངས་མཛེས་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་མཁས་པ་ཡུས་ཡིའུ་ཤིན་གྱིས་འགྲེམས་སྟོན་ཡུལ་དངོས་སུ། བརྩམས་ཆོས་ཐོག་ནས་དགེ་རྒན་བསྟན་པ་རབ་བརྟན་གྱི་མཛུབ་ཁྲིད་འོག་སློབ་མ་ཚོས་སྲོལ་རྒྱུན་གྱི་རི་མོའི་རྨང་གཞི་བརྟན་པོ་ཁོང་དུ་ཆུད་ཡོད་པ་དང་། དེའི་རྨང་གཞིའི་ཐོག་མི་སྒེར་གྱི་ཐང་གའི་སྒྱུ་རྩལ་གྱི་གོ་བ་དང་དེ་ལ་བསམ་གཞིག་བྱས་ཡོད་པ་མཐོང་ཐུབ་ཅེས་བརྗོད། དགེ་རྒན་ཡུས་ཡིའུ་ཤིན་གྱིས་འགྲེམས་སྟོན་བརྩམས་ཆོས་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག་དེང་རབས་ཀྱི་ན་གཞོན་ལ་རེ་བ་བཏོན་ཡོད་དེ། ཁོང་གིས། བོད་ལྗོངས་ཀྱི་དེང་རབས་རི་མོའི་བརྩམས་ཆོས་དེ་བོད་ལྗོངས་ཀྱི་རི་མོའི་ལོ་རྒྱུས་ཐོག་གི་དར་རྒྱས་ཆེ་བའི་དུས་རབས་ཀྱི་ཕུལ་བྱུང་བརྩམས་ཆོས་དང་བསྡུར་ནས་དྲང་སྲུང་གསར་གཏོད་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་སློབ་སྦྱོང་བྱེད་པའི་ཁྲོད་དུ་མཐོང་རྒྱ་ཇེ་ཆེར་བཏང་ནས་བོད་ལྗོངས་ཀྱི་རི་མོའི་སྒྱུ་རྩལ་དེ་འཛམ་གླིང་གི་སྒྱུ་རྩལ་སྟེགས་བུའི་ཐོག་བཞག་ནས་ངོས་འཛིན་བྱས་ཏེ་རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་དབར་གྱི་སྒྱུ་རྩལ་སྤེལ་རེས་དང་། སྒྱུ་རྩལ་གདོང་གཏུག སྒྱུ་རྩལ་མཉམ་འདྲེས་བཅས་བརྒྱུད་ཕྱོགས་མང་པོ་ནས་གོང་དུ་སྤེལ་དགོས་ཞེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྩམས་ཆོས་འགྲེམས་སྟོན་ནི“1+99”ཡི་རྣམ་པ་སྟེ་དགེ་རྒན་བསྟན་པ་རབ་བརྟན་གྱི་མཚོན་བྱེད་བརྩམས་ཆོས་1དང་དགེ་ཕྲུག་99ཡི་ཕུལ་བྱུང་བརྩམས་ཆོས་མཉམ་འབྲེལ་ཐོག་འགྲེམས་སྟོན་བྱས་པ་རེད།
(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15827646.html)
【1】  【2】
འདི་ནི་བསྟན་པ་རབ་བརྟན་གྱིས་1987ལོར་བརྩམས་པའི་བརྩམས་ཆོས《རྡོ་རྗེ་འཇིགས་བྱེད》(ཁག་གཅིག)ཡིན།
འདི་ནི་བསྟན་པ་རབ་བརྟན་གྱིས་1987ལོར་བརྩམས་པའི་བརྩམས་ཆོས《རྡོ་རྗེ་འཇིགས་བྱེད》(ཁག་གཅིག)ཡིན།