འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅།།རླབས་ཆེན་གྱི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་ནས་རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོཌ་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
    ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་60ལྷག་ཙམ་སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོར་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་ཡོད།
    “དེང་སྐབས། ང་ཚོ‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་སྦྲེལ་མཚམས་སུ་གནས་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་འཐོབ་ཉེར་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་ལམ་འོད་ཟེར་ལྡན་པ་ཞིག་ཡོད། མདུན་སྐྱོད་ཀྱི་འགྲོ་ལམ་ནི་ཐོགས་མེད་བདེ་བགྲོད་ཡོང་མི་སྲིད”ཅེས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ། ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་འདི་ལྟར་གནང་བ་དང་། ཁོང་གིས་ང་ཚོས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེན་གྱི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་ནས་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། དཀའ་ངལ་འཕྲད་ཀྱང་མདུན་དུ་སྐྱོད་པ། བློ་རྩ་བརྟན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།
   དྲང་བདེན་གྱི་དམག་དཔུང་ལ་བརྟེན་ནས་དྲང་བདེན་གྱི་བྱ་སྤྱོད་སྤེལ་ཞིང་། ལོ་ངོ་70ཡི་གོང་། དཔའ་བོའི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཞི་བདེ་སྲུང་སྐྱོབ་དང་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དྲང་བདེན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཁྲའོ་ཞན་མི་དམངས་དང་དམག་དཔུང་དང་མཉམ་དུ། རང་སྲོག་བློས་གཏོང་དང་ཁྲག་བཏོན་དམར་འཛིང་བྱས་པས་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལ་རླབས་ཆེན་རྒྱལ་ཁ་ཐོབ་ཡོད། དམག་འཐབ་འདི་ལས། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་བས་རྒྱལ་མཚམས་སུ་དམག་ཤུགས་གཅིག་སྡུད་བྱས་ནས་དབུ་བརྙེས་མ་ཐག་པའི་ཀྲུང་གོ་གསར་པ་གཏོར་ཕམ་གཏོང་བའི་རེ་ངན་ཐལ་བའི་རྡུལ་དུ་བརླགས་ནས། ཉེ་རབས་ཚུན་དུ་གཞན་གྱིས་རང་སྣང་གང་ཤར་དུ་མནར་གཅོད་གཏོང་བ་དང་། གཞན་ལ་བརྟེན་ནས་འཚོ་གནས་བྱེད་པའི་ལོ་བརྒྱའི་མཚན་ཤས་རྦད་དེ་མེད་པར་བཟོས་ཏེ། ཨེ་ཤེ་ཡ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོ་གསར་པའི་གནས་བབ་གལ་ཆེན་བཏིང་བ་དང་། མི་དམངས་དམག་དཔུང་གིས་དམག་འཁྲུག་རྒྱག་རིང་དམག་འཁྲུག་སྦྱངས་པས། དམག་དོན་གྱི་ཉམས་མྱོང་གལ་ཆེན་ཐོབ་པ་དང་འབྲེལ། དམག་རིགས་རྐྱང་པ་ནས་དམག་རིགས་དང་དཔུང་རིགས་སྣ་ཚོགས་ཀྱི་མཉམ་སྡེབ་དམག་དཔུང་དུ་གྱུར་ཡོད། དམག་འཐབ་དེ་ལས། དོན་དངོས་ཁུངས་བཙན་པོར་བརྟེན་ནས། རྒྱལ་ཁབ་གང་རུང་དང་དམག་དཔུང་གང་རུང་ཞིག་སྟོབས་ཆེན་གང་འདྲ་ཡོད་རུང་། གལ་ཏེ་འཛམ་གླིང་འཕེལ་རྒྱས་རླབས་རྒྱུན་གྱི་ཁ་གཏད་དུ་ལངས་ཏེ་ཆེར་རློམ་ཆུང་གནོན་དང་། བྱ་ལོག་སྤྱོད་ལོག བཙན་འཛུལ་རྒྱ་སྐྱེད་བཅས་བྱས་ཚེ། ཁ་ཆག་སྣ་རལ་ཡོང་ངེས་ཡིན་པ་འཛམ་གླིང་སྐྱེ་བོར་གསལ་པོ་བསྟན་ཡོད། “འདས་དོན་མེ་ལོང་དུ་བཟུང་ན། འབྱུང་འགྱུར་སྔོན་དཔག་ཐུབ”ཅེས་པ་ལྟར། རླབས་ཆེན་གྱི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་པ་དང་རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཏང་སྔར་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ། ཐམས་ཅད་མི་དམངས་ལ་རྟེན་པ་བཅས་མཐའ་འཁྱོངས་བྱེད་དགོས། ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་སྐྲུན་དགོས། ངེས་པར་དུ་འཛམ་གླིང་གི་ཞི་བདེ་དང་དྲང་བདེན་སྲུང་སྐྱོང་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོ་སྙིང་བསྡུས་གནང་བའི“ངེས་པར་དུ་བྱེད་དགོས་པ་ལྔ”ནི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་གིས་ང་ཚོར་ལོ་རྒྱུས་ཀྱི་བློ་སྒོ་ཟབ་མོ་ཕྱེ་བ་ཞིག་ཡིན། དེ་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེན་པོས་མདུན་བསྐྱོད་བྱེད་པའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
     ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་རླབས་ཆེན་གྱི་རྒྱལ་ཁ་ལས། ཆབ་སྲིད་ཀྱི་སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་གུང་ཁྲན་ཏང་བཞིན་དུ་མི་རིགས་བསྐྱར་དར་དང་མི་དམངས་བདེ་སྐྱིད་ཆེད། ཁྲག་བཏོན་སྲོག་འདོར་ལ་མི་འཛེམ་པ་དང་འབད་བརྩོན་ལྷོད་མེད་བྱས་ཏེ། མང་ཚོགས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་འགྲིལ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་མཁན་ཞིག་རྩ་བ་ནས་མེད་པ་སླར་ཡང་ར་སྤྲོད་བྱས་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཚེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱི་བློས་འཁེལ་ཤོས་དང་བློ་རྩ་བརྟན་ཤོས་ཀྱི་རྟེན་ས་ཞིག་ཏུ་འགྱུར་ཐུབ་ངེས་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཚེ། ཕྱོགས་གང་དུ་བསྐྱོད་ཀྱང་རྒྱལ་མ་ཐུབ་པ་མེད་པའི་སྟོབས་ཤུགས་ཆེན་པོ་འཕེལ་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ངོ་མཚར་ཆེ་བའི་ལེའུ་རྒྱུན་ཆད་མེད་པར་རྩོམ་ཐུབ་ངེས་ཡིན། “རྗེས་ལུས་ཐེབས་ན་ཉེས་རྡུང་ཕོག་རྒྱུ་དང་། འཕེལ་རྒྱས་བྱུང་ན་གཞི་ནས་རང་སྟོབས་འཕེལ་ཐུབ” མིག་སྔར་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས། གོ་སྐབས་གསར་པ་དང་འགྲན་སློང་གསར་པའི་མདུན་དུ། ང་ཚོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཚེ། སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་གཞག་དེ་བས་ཐུབ་པ། རྒྱུན་མཐུད་དེ་བས་ཆོག་པ། 
    བདེ་འཇགས་དེ་བས་ཐུབ་པ་བཅས་ཀྱི་འཕེལ་རྒྱས་བྱུང་ནས། འཛམ་གླིང་ཧང་སངས་དགོས་པའི་ངོ་མཚར་དེ་བས་ཆེ་བ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན། སྟོབས་དང་ལྡན་པའི་དམག་དཔུང་ཞིག་མེད་ན་སྟོབས་དང་ལྡན་པའི་མེས་རྒྱལ་ཡོང་མི་སྲིད། ང་ཚོས་དུས་བསྟུན་མདུན་སྐྱོད་ཀྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དམིགས་ཚད་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་ཚེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་དེ་བས་བརྟན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཐུབ་ངེས་རེད། ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང“མི་ལ་བྱམས་བརྩེ་ཆེ་ཞིང་ཁྱིམ་མཚེས་དང་མཐུན་པའི”འདུ་ཤེས་འཛིན་གྱི་ཡོད་པས། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ཚེ། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ཐུབ་ངེས་ཡིན།
    མདུན་སྐྱོད་བགྲོད་ལམ་ཐོག་གི་གོ་སྐབས་དང་འགྲན་སློང་གི་མདུན་དུ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། རྒྱལ་ངེས་ཀྱི་དད་སེམས་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དཀའ་ངལ་དང་ཉེན་ཁ་མཐའ་དག་ཁྱད་བསད་བྱེད་པ་བཅས་ཀྱི་ཐོག་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་དགོས།