མི་དམངས་དྲ་བ།

༄༅།།ཝང་ཆི་ཧྲན་གྱིས་ཕྱིའི་གྲམ་ཐང་གི་དངུལ་རྩའི་དབུ་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་
སྒོའི་ཐོག་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱིའི་གྲམ་ཐང་གི་དངུལ་རྩའི་དབུ་ཚོགས་སྐབས་གཉིས་པ་དེ་ཧྲང་ཧའེ་རུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་བརྙན་ལམ་ནས་ཤིས་ཚིག་གསུངས་པ་རེད།
    ཝང་ཆི་ཧྲན་གྱིས་མིའི་རིགས་ཕན་ཚུན་མཉམ་སྦྲེལ་མཉམ་མཐུད་ཀྱི་དུས་རབས་གསར་པར་སླེབས་ཟིན་པས། རྒྱལ་ཁབ་ཁག་གི་ཁེ་ཕན་ཕན་ཚུན་དམ་ཟབ་སྦྲེལ་བ་དང་། ལས་དབང་སྐྱིད་སྡུག་མཉམ་མྱོང་། དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བ་བཅས་ནི་སྔར་བཞིན་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་ཡིན་པ་མ་ཟད། མཐུན་སྒྲིལ་ངང་རིམས་འགོག་དང་། དུས་ངལ་མཉམ་སེལ། མཉམ་ལས་གཉིས་ཕན་ཡོང་བ་བྱ་རྒྱུ་ནི་འཛམ་གླིང་ཡོངས་ཀྱི་གདམ་ག་ཡང་དག་ཅིག་ཏུ་གྱུར་ཡོད་ཅེས་གསུངས།
    ཝང་ཆི་ཧྲན་གྱིས་ཀྲུང་གོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་པོ་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གང་མགྱོགས་སྐྲུན་དགོས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དེ་འགྱུར་ལྡོག་དང་བསྟུན་རྒྱུ་གཙོ་བོར་བཞག་སྟེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ནང་གི་ཁྲོམ་ར་སྔར་ལས་མང་བར་བརྟེན་ཏེ་དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གཏོད་པའི་ཆུ་ཚད་མཐོ་བའི་བབ་བསྟུན་དོ་མཉམ་རྒྱུན་ཆད་མེད་པར་ཡོང་བ་བྱེད་དགོས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དེ་བྱེད་སྟངས་བསྒྱུར་བའི་ཐད་གཙོ་བོར་བཞག་ནས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་དེ་རྒྱུ་ཆར་བརྟེན་ནས་སྐུལ་འདེད་གཏོང་བ་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། མ་འཇོག་གིས་སྐུལ་ཁྲིད་བྱེད་པ་ནས་འཛད་སྤྱོད་དང་མ་འཇོག་གཉིས་ཀས་སྐུལ་ཁྲིད་བྱེད་པ། “གཉིས་ཀ་ཕྱི་ཕྱོགས་ལ་བརྟེན་པ”ནས་རང་བརྟེན་དང་སྒོ་དབྱེ་ཁོག་ཡངས་བྱེད་པ་བཅས་ལ་བསྒྱུར་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དེ་སྔར་བས་སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་རྒྱ་ཆེར་དབྱེ་རྒྱུར་གཙོ་བོར་བཞག་ནས་ཐོན་ཁུངས་བཀོད་སྒྲིག་ཐད་ཁྲོམ་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་བཅུག་སྟེ་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་དང་ཆུ་ཚད་སྔར་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་ལམ་ལུགས་གསར་པ་བཙུགས་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་ཞིག་ཆགས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"