འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅༎“ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད”

—— མོ་ཞི་ཁོའི་བཟོ་ལས་འཕེལ་རྒྱས་དང་དཔལ་འབྱོར་འཕར་བའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ཏེ་ལཱ་ཁེ་ལུའུ་ཚེར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “ཀྲུང་གོས་གྲུབ་འབྲས་ཐོབ་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ནས་སྔོན་ལ་དཔལ་འབྱོར་སླར་གསོ་ཡོང་བར་བྱས་པ་དང་འབྲེལ་རྒྱལ་ཁབ་གཞན་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱས་ཡོད། དེར་བརྟེན་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད”ཅེས་མོ་ཞི་ཁོའི་བཟོ་ལས་འཕེལ་རྒྱས་དང་དཔལ་འབྱོར་འཕར་བའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧོ་སའེ·ཏེ་ལཱ་ཁེ་ལུའུ་ཚེར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་གསུངས་པ་དང་། ཁོང་གིས་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཡིན་པ་དང་རྒྱལ་ཁབ་ཁག་མཉམ་དུ་འཕེལ་རྒྱས་འགྲོ་ཆེད་གོ་སྐབས་བསྐྲུན་ཡོད་ཅེས་བརྗོད།
     ཁོང་གིས་ད་ཕན་ལོ་ཤས་རིང་ཀྲུང་གོས་ཐོན་ལས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ས་ཁོངས་འཕེལ་རྒྱས་གཏོང་བའི་ཐབས་ཇུས་སོགས་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་སྣོད་བཅུད་མ་ལག་གསར་པ་འཛུགས་སྐྱོང་བྱས་ནས་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། བྱེད་ཐབས་གསར་པ་བཅས་སྐྱེད་སྲིང་བྱས་ཡོད། 5Gདང་། གྲངས་གཞི་ཆེན་པོ། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་སྲིད་གཞུང་གིས་ཁེ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་ཁོར་ཡུག་བཟང་པོ་བཏོད་ཡོད། དེ་དང་ཆབས་ཅིག་ཀྲུང་གོས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་རྣམ་པ་གསར་པ་མགྱོགས་མྱུར་བསྐྲུན་པ་དང་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་མང་པོ་བསྐྲུན་ནས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་འཇོག་པར་སྟབས་བདེ་བསྐྲུན་པར་བརྟེན་རྒྱལ་སྤྱིའི་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པའི་ངོས་འཛིན་བྱས།
     “ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་ལག་བསྟར་བྱས་ཚུན། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་རྒྱལ་སྤྱིར་ཐེབས་པའི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་གཉིས་ཁེའི་འདུ་ཤེས་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་སྤྱོད་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཏང་ཡོད”ཅེས་བརྗོད་ཅིང་། ཁོང་གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་རྒུད་འགྲོ་བ་དང་སྲུང་སྐྱོང་རིང་ལུགས་འཛིན་མཁན་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པའི་གསར་གཏོད་ཅིག་ཡིན་པ་དེས། འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་དང་མ་འཇོག་མཁན་སོགས་ལ་འཕེལ་རྒྱས་དང་དཔལ་འབྱོར་འཕར་བའི་གོ་སྐབས་བསྐྲུན་ཡོད། མིག་སྔར་ཀྲུང་གོའི་ཁེ་ལས་ལཱ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལ་ཞུགས་མཁན་ཇེ་མང་དུ་ཕྱིན་ནས་ལཱ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་བརྟེན། ལཱ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད།
     ཁོང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོས་གྲུབ་འབྲས་ཐོབ་པའི་སྒོ་ནས་མི་འབོར་དུང་ཕྱུར་བརྒྱད་ལྷག་ཙམ་དབུལ་སྒྲོལ་བྱས་ཡོད། འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་བསྒྲུབས་རྗེས། ཀྲུང་གོས་ལོ་བཅུ་ཡི་སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི《2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ》གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བྱས་ཡོད། འདི་ནི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། “ཀྲུང་གོས་ལག་བསྟར་བྱས་པའི་ལོ་ལྔའི་འཆར་འགོད་ནི་དུས་རབས་ཀྱི་དགོས་མཁོར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་དང་རྒྱལ་ནང་དང་རྒྱལ་ཕྱིར་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་བསྟུན་པ་དང་། ལག་རྩལ་ཡར་ཐོན་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇོག་རྒྱུར་གཙིགས་ཆེན། འཆར་འགོད་ལ་དམིགས་སའི་རང་བཞིན་དང་གསོན་ཤུགས་ལྡན་པ་བཅས་ལས་ཀྲུང་གོས་ཟམ་མི་ཆད་པར་བཅོས་སྐྱོང་མ་ལག་དང་ནུས་པ་ཟམ་མི་ཆད་པར་འཐུས་ཚང་དང་འཕེལ་རྒྱས་བཏང་བ་མངོན་ཡོད”ཅེས་བརྗོད།
(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15827611.html)