འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅༎པུ་རུ་ནེས་མུ་མཐུད་ཀྲུང་གོའི་མ་དངུལ་ལ་བརྟེན་ནས་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་གསལ། པུ་རུ་ནེའི་དབུ་བཞུགས་བློན་ཆེན་ལས་ཤག་གི་པུའུ་ཀྲང་དང་ནོར་སྲིད་དང་དཔལ་འབྱོར་པུའི་པུའུ་ཀྲང་གཉིས་པ་གཅིག་ལྕོགས་ལིའུ་ཀོང་མིང་གིས་ཉིན་ཤས་གོང་མུ་མཐུད་ཀྲུང་གོའི་མ་དངུལ་ལ་བརྟེན་ནས། དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
     པུ་རུ་ནེའི་ཀྲུང་གོའི་མ་འཇོག་ཁེ་ལས་མཐུན་ཚོགས་ཀྱིས་ཉེ་ཆར་གཉེར་བའི་ཀྲུང་གོའི་མ་འཇོག་ཁེ་ལས་གླེང་སྟེགས་ཐོག་ལིའུ་ཀོང་མིང་གིས་པུ་རུ་ནེ་ནི་རྡོ་སྣུམ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཅིག་ཡིན་པ་དང་དཔལ་འབྱོར་གྱི་སྤྱི་འབོར་ཅུང་ཆུང་བས། རྒྱལ་སྤྱིའི་སྣུམ་རིན་འཕར་ཆག་གི་ཤུགས་རྐྱེན་ཆེ་ཙམ་ཕོག་གི་ཡོད། ཉེ་བའི་ལོ་ཤས་རིང་པུ་རུ་ནེས་ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་ཁེ་ལས་ལ་བརྟེན་ནས་པུ་རུ་ནེའི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྣུམ་རིན་ཆག་པའི་རྐྱེན་གྱིས་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་བཏང་ཡོད། ཕྱི་རྒྱལ་གྱི་མ་དངུལ་གྱི་སྣེ་ཁྲིད་འོག་པུ་རུ་ནེར་2017ལོ་ནས་2019ལོ་བར་གྱི་ལོ་གསུམ་བསྟུད་མར་དཔལ་འབྱོར་འཕར་བ་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཡང་། འདི་ལོའི་དུས་ཚིགས་དང་པོ་ནས་གཉིས་པའི་བར་གྱི་པུ་རུ་ནེའི་དཔལ་འབྱོར་སོ་སོར2.4%དང་2.8%འཕར་ཡོད་ཅེས་བརྗོད།
     ལིའུ་ཀོང་མིང་གིས་ཉེ་བའི་ལོ་ཤས་རིང་པུ་རུ་ནེའི་ལས་ཀ་ཤོར་ཚད་བསྟུད་མར་ཆག་པ་དང་ཆབས་ཅིག་ཕྱི་ཕྱོགས་ཚོང་དོན་གྱི་བསྡོམས་འབོར་དང་ཁེ་ལས་འབྲིང་ཆུང་གི་གྲངས་འབོར་ལོ་བསྟུད་མར་འཕར་བ་དེ་དག་ཚང་མ་ཀྲུང་གོའི་ཁེ་ལས་ཀྱི་མ་དངུལ་དང་འབྲེལ་བ་དམ་ཟབ་ཡོད་ཅེས་བརྗོད།
     པུ་རུ་ནེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་གིས་གླེང་སྟེགས་ཐོག་ཀྲུང་གོ་དང་པུ་རུ་ནེ་རྒྱལ་ཁབ་གཉིས་པོ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་མཉམ་ལས་རོགས་ཟླ་རེད། ཀྲུང་གོ་ཕྱོགས་ཀྱིས་པུ་རུ་ནེའི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ལ་པུ་རུ་ནེས་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་པར་དགའ་བསུ་ཞུ་གི་ཡིན། ཕྱོགས་གཉིས་པོས་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཧེང་དབྱི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་ཏ་མོ་ལ་གླིང་ཕྲན་གྱི་ཕྱོགས་བསྡུས་བཙོ་སྦྱང་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭ་མགྱོགས་མྱུར་སྐྲུན་པར་སྐུལ་འདེད་གཏོང་རྒྱུ་དང“ཀོང་ཤིས་ནས་པུ་རུ་ནེའི་བར་གྱི་དཔལ་འབྱོར་བར་ཁྱམས”ཀྱི་རྣམ་གྲངས་དེ་བས་མང་པོར་གྲུབ་འབྲས་འཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།