འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅༎ལྷོ་པ་རིགས་ཀྱི་ལོ་རྒྱུས་སྙན་ངག《ཨ་པ་སྟག་ཉི》ཡི་བརྙན་ལེན་དབུ་འབྱེད་མཛད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བརྙན་ལེན་དབུ་འབྱེད་མཛད་སྒོའི་ཡུལ་དངོས་ཡིན།
འདི་ནི་བརྙན་ལེན་དབུ་འབྱེད་མཛད་སྒོའི་ཡུལ་དངོས་ཡིན།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་21ཉིན། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའི་དམངས་ཁྲོད་རིག་རྩལ་འཕེལ་རྒྱས་ལྟེ་གནས་ཀྱིས་གྲོས་འགོ་བཏོན་པ་དང་གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་སྒྲུབ་འགན་འཁུར་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན《ཀྲུང་གོའི་ལོ་རྒྱུས་སྙན་ངག་བརྒྱ་ཡི་ལས་གྲྭ》ཡི་ཡན་ལག་ཞིབ་འཇུག་བྱ་གཞི་སྟེ་ལྷོ་པ་རིགས་ཀྱི་ལོ་རྒྱུས་སྙན་ངག《ཨ་པ་སྟག་ཉི》དེ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་སྟབས་བདེ་ལ་བརྗིད་ཉམས་ལྡན་པའི་བརྙན་ལེན་དབུ་འབྱེད་མཛད་སྒོ་སྤེལ་ནས་རྣམ་གྲངས་དེའི་ཡུལ་དངོས་བརྟག་དཔྱད་དང་པར་ལེན་དངོས་སུ་བྱེད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད།
     བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་དེ་དང་ཐག་ཉེ་བའི་མེ་ཏོག་དང་། སྨིན་གླིང་། ལྷུན་རྩེ་སོགས་རྫོང་དུ་གནས་པའི་ལྷོ་པ་རིགས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གྲས་ཤིག་ཡིན་ཞིང་། མི་རབས་ནས་མི་རབས་བར་ངག་རྒྱུན་ལ་བརྟེན་ནས་རང་ཉིད་ཀྱི་རིག་གནས་དང་སྲོལ་རྒྱུན་རྒྱུན་འཛིན་བྱེད་བཞིན་ཡོད། 《ཨ་པ་སྟག་ཉི》ཡིས་གཙོར་བྱས་པའི་ལོ་རྒྱུས་སྙན་ངག་གཏམ་རྒྱུད་ནི་ལྷོ་པ་རིགས་ཀྱི་དར་ཁྱབ་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་མུ་འབྲེལ་ལྷ་སྒྲུང་ཡིན་ཞིང་། དེའི་ནང་དོན་ཁྱབ་ཆེ་ལ། ལྷོ་པ་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི“ཤེས་བྱ་ཀུན་བཏུས”ཡིན་པ་མ་ཟད། ལྷོ་པ་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཡིན་ལ། རང་རྒྱལ་གྱི་མི་རིགས་དང་དམངས་ཁྲོད་རིག་གནས་ཀྱི་ཕུལ་བྱུང་འཐུས་ཚབ་ཀྱང་ཡིན།
     དམངས་ཁྲོད་ངག་ཐོག་གི་ལོ་རྒྱུས་སྙན་ངག་དེ་ངག་ཐོག་ནས་བཤད་པའི་རྣམ་པའི་ཐོག་ནས་ལོ་རྒྱུས་དང་ཐུན་མོང་གི་དྲན་ཤེས་རྒྱུན་འཛིན་བྱས་ཡོད། བལྟོས་བཅས་ཀྱི་བཅོས་མིན་རང་བཞིན་ལྡན་པའི་རྩ་ཆེའི་དཔྱད་གཞི་ཐོག་མ་དེ་ཡིན། རིག་གཞུང་ཞིབ་འཇུག་གི་ངོས་ནས་བརྗོད་ན་བསྟན་བཅོས་ལོ་རྒྱུས་ཀྱི་དཔྱད་ཡིག་དང་འདྲ་བའི་རིན་ཐང་ལྡན་ཡོད། ཞིབ་འཇུག་བྱ་གཞི་དེའི་ཡུལ་དངོས་བརྟག་དཔྱད་བྱ་ཡུལ་གཙོ་བོ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་གནས་ཡུལ་ཤང་དང་མེ་ཏོག་རྫོང་སྟག་མོ་ཤང་དུ་ཡོད་དེ། དེ་ནི་ཀྲུང་གོའི་མངའ་ཁོངས་སུ་ལྷོ་པ་རིགས་འདུས་སྡོད་བྱེད་གནས་ཆེ་ཤོས་དེ་ཡིན། ཞིབ་འཇུག་བྱ་གཞིའི་བློ་འདྲི་བ་ཅི་ཝུན་ཀྲེང་གིས་དུས་རབས་20པའི་ལོ་རབས་དྲུག་ཅུ་པ་དང་ལོ་རབས་བདུན་ཅུ་པར་བརྟག་དཔྱད་བྱས་པ་ལྟར་ན། 《ཨ་པ་སྟག་ཉི》ལ་ལེ་ཚན་བརྒྱ་ཙམ་ཡོད་ཅིང་། ད་ལྟ་སྒྱུ་རྩལ་པ་རྒན་པ་གཅིག་རྗེས་གཉིས་མཐུད་ཀྱིས་ཚེ་ལས་འདས་པའི་རྐྱེན་གྱིས། རྒྱུན་འཛིན་བྱུང་བ་ལ་བཅུ་ཙམ་ལས་མེད་པས། ལྷོ་པའི་ལོ་རྒྱུས་སྙན་ངག་ནི་ཉམས་ལ་ཉེ་བའི་གནས་སུ་སླེབས་ཡོད། ད་ཐེངས་ཀྱི་ཡུལ་དངོས་བརྟག་དཔྱད་བྱེད་པ་ལས་ལོ་རྒྱུས་སྙན་ངག《ཨ་པ་སྟག་ཉི》མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོར་འགོད་རྒྱུ་ཡིན་པ་མ་ཟད། དེའི་རྒྱུན་འཛིན་གྱི་ད་ལྟའི་གནས་ཚུལ་ལ་ཡོངས་ཁྱབ་ཞིབ་བཤེར་ཆ་ཚང་བྱས་ནས་རྗེས་ཕྱོགས་ཀྱི་རིག་གཞུང་ཞིབ་འཇུག་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་སྲུང་སྐྱོང་སྲིད་ཇུས་བཟོ་རྒྱུར་རིན་ཐང་ལྡན་པའི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད།
     རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱེད་པའི་མི་རིགས་དམངས་ཁྲོད་རིག་གནས་ཀྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཞིབ་འཇུག་བྱ་གཞི་འདི་ཁོངས་སུ་གཏོགས་སའི《ཀྲུང་གོའི་ལོ་རྒྱུས་སྙན་ངག་བརྒྱ་ཡི་ལས་གྲྭ》ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་མི་རིགས་དམངས་ཁྲོད་རིག་གནས(རྩོམ་རིག)“ཕྱོགས་བསྡུས་ཆ་གསུམ”རྗེས་ཀྱི་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོ་དང་མི་རིགས་ཧྲིལ་པོའི་མི་རིགས་དམངས་ཁྲོད་རིག་གནས་སྔོག་བཤེར་དང་ལེགས་སྒྲིག་གི་ལས་གྲྭ་ཞིག་རེད། རྒྱལ་ཡོངས་མི་རིགས་ཁག་གི་མཚོན་བྱེད་རང་བཞིན་གྱི་ལོ་རྒྱུས་སྙན་ངག་གི་སྤུས་ཚད་མཐོ་བའི་བརྙན་པར་ཟིན་འགོད་ཀྱི་ལས་དོན་ཐོག་མ་དེ་ཡང་རེད། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་སྟོངས་ལ་ཉེ་བའི་ལོ་རྒྱུས་སྙན་ངག་གི་ཐོན་ཁུངས་མྱུར་སྐྱོབ་བྱེད་པ་དང་གསོན་ཉམས་དོད་པའི་ལོ་རྒྱུས་སྙན་ངག་འཁྲབ་སྟོན་གྱི་སྲོལ་རྒྱུན་བརྙན་ལ་ཕབ་པ། སྤུས་ཚད་མཐོ་བའི་སྒྲ་བརྙན་ལག་རྩལ་བྱེད་ཐབས་སྤྱད་དེ་ལོ་རྒྱུས་སྙན་ངག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ཟིན་ཐོར་བཀོད་དེ། མཐར་སྒྲ་བརྙན་ཕབ་བཟོ་དང་དཔྱད་ཡིག་ལེགས་སྒྲིག གཞི་གྲངས་མཛོད་འཛུགས་སྐྲུན་བཅས་བྱེད་ཐབས་གསུམ་སྤྱད་དེ། གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་པས་འཁྲབ་སྟོན་བྱས་པའི་ལོ་རྒྱུས་སྙན་ངག་ཟིན་ཐོར་བཀོད་དེ། སྒྲ་བརྙན་དང་། དཔྱད་གཞིའི་དཔེ་ཚོགས། གྲངས་གཞིའི་མཛོད་བཅས་ཀྱི་གྲུབ་འབྲས་ཐོབ་རྒྱུ་ཡིན་པས། ཀྲུང་གོའི་བརྙན་པར་མིའི་རིགས་རིག་པའི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
བརྙན་ལེན་དབུ་འབྱེད་མཛད་སྒོར་ཞུགས་མཁན་རིགས་གཅིག་མཁས་པ་ཚོའི་མཉམ་པར།
བརྙན་ལེན་དབུ་འབྱེད་མཛད་སྒོར་ཞུགས་མཁན་རིགས་གཅིག་མཁས་པ་ཚོའི་མཉམ་པར།