འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅༎རྒྱལ་སྲུང་པུས་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན།ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས22ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཐན་ཁེ་ཧྥེ་ཡིས་ཚེས་22ཉིན་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་བའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། ཁོང་གིས་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་ཨ་རི་ཕྱོགས་ལ་འཕྲལ་མར་ཐའེ་ཝན་ལ་མཚོན་ཆ་འཚོང་བའི་འཆར་གཞི་མེད་པ་བཟོ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད།
     གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲུང་པུའི་རྒྱལ་སྲུང་བདེ་འཇགས་མཉམ་ལས་ཅུས་ཀྱིས་ཟླ་10ཚེས་21ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐའེ་ཝན་ལ་བསྡོམས་འབོར་ཨ་སྒོར་དུང་ཕྱུར་18ལས་བརྒལ་བའི་མཚོན་ཆ་སྒྲིག་ཆས་འཚོང་རྒྱུར་ཆོག་མཆན་སྤྲད་པ་རེད་ཅེས་བརྗོད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཐན་ཁེ་ཧྥེ་ཡིས།ཨ་རིས་ཐའེ་ཝན་ལ་མཚོན་ཆ་བཙོངས་པ་དེས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་ལྷག་པར་དུ“བརྒྱད་པའི་བཅུ་བདུན”གྱི་སྤྱི་བསྒྲགས་ལས་ཚབས་ཆེན་འགལ་ཡོད། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་དང་། ཀྲུང་གོའི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དམག་དཔུང་གཉིས་ཀྱི་འབྲེལ་བ་དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་བཏང་བས་ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད།
     ཐན་ཁེ་ཧྥེ་ཡིས་ཐའེ་ཝན་གྱི་གནད་དོན་དེ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཆེན་པོ་ཡོད་པས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དམག་དཔུང་གཉིས་ཀྱི་འབྲེལ་བ་དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་མཇུག་འབྲས་ཚབས་ཆེན་མི་བཟོ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འཕྲལ་མར་ཐའེ་ཝན་ལ་མཚོན་ཆ་འཚོང་རྒྱུའི་འཆར་གཞི་མེད་པ་བཟོ་རྒྱུ་དང་། ཨ་རི་དང་ཐའེ་ཝན་གྱི་དམག་དོན་འབྲེལ་བ་མཚམས་འཇོག་བྱ་རྒྱུ།ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་ནན་པོ་བྱ་རྒྱུའི་ལྕག་སྐུལ་དྲག་པོ་བྱ་རྒྱུ་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྣང་མེད་དུ་བཞག་སྟེ། ཁ་དན་ཚིག་ལ་མ་གནས་པ་དང་ཧམ་ཤེད་གང་འདོད་བྱས་ན་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒོལ་ལན་སློག་ངེས་ཡིན་ཞེས་བརྗོད།