འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅༎མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ།

—— རྒྱུན་མཐུད་སྲུང་སྐྱོང་ལ་བརྟེན་ནས་མཚོ་སྔོན་པོའི་སྣོད་བཅུད་ཇེ་བཟང་དུ་གྱུར་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཡུལ་སྐོར་བས་མཚོ་སྔོན་པོའི་འགྲམ་དུ་ཅི་དགར་རྩེད་འཇོར་རོལ་བཞིན་པ།
འདི་ནི་ཡུལ་སྐོར་བས་མཚོ་སྔོན་པོའི་འགྲམ་དུ་ཅི་དགར་རྩེད་འཇོར་རོལ་བཞིན་པ།
     གཅིག་འཇགས་གཉིས་ལངས་རླབས་ཕྲེང་དལ་བུར་འཕྱོ། རེས་གསལ་རེས་ཡིབ་རླབས་རིས་ཡིད་དུ་འོང་། རང་རྒྱལ་གྱི་ཚྭ་མཚོ་ཆེ་ཤོས་མཚོ་སྔོན་པོ་ནི་རིན་ཆེན་དབང་སྔོན་ཞིག་དང་འདྲ་བར་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ལེགས་པར་བརྒྱན་ཡོད།
     མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྟོངས་ལ་ཉེ་བ་ནས་ཉ་ཁྱུ་འཁྱུག་འགྲོས་ལ་རྩེན་པ་དང་། ཕུའུ་ཧྲི་དགོ་བ་རྩ་མེད་དུ་འགྲོ་ལ་ཉེ་བ་ནས་ཁྱུ་དང་ཁྱུ་སྒྲིག་ནས་འགྲོ་བ། རྒྱ་ཁྱོན་ཇེ་ཆུང་དུ་སོང་ནས“ལུའོ་པུ་མཚོ་གཉིས་པར”འགྱུར་དོགས་སེམས་ཁྲལ་བྱེད་པ་ནས་ལོ་བཅུ་ལྷག་རིང་མཚོ་ཁ་ཇེ་མཐོར་རྒྱས་པ་བཅས་བྱུང་སྟེ། མཚོ་སྔོན་པོའི་སྣོད་བཅུད་ཉམས་རྒུད་ནས་སླར་ཡང་ཕུན་སུམ་ཚོགས་པོ་ཆགས་པ་དང་། དེ་ལས་མཚོ་སྔོན་ས་མཐོའི་སྣོད་བཅུད་ལེགས་གཏོང་དང་སྣོད་བཅུད་ཤེས་དཔལ་ལག་ལེན། ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བཅས་ཀྱི་ཆོད་སེམས་དང་བྱ་སྤྱོད་ཀྱི་དཔང་པོ་བྱས་ཡོད།
     སྣོད་བཅུད་དང་འཚོ་བ།
     ཞོགས་པར་མཚོ་སྔོན་པོའི་ནུ་ལྕེ་མཛེས་ལྗོངས་ཁུལ་དུ་རླབས་འོད་ཆེམ་ཆེམ་འཕྲོ་བ་དང་། མཚོ་ངོས་ནས་ཉི་འོད་ཀྱི་ཟེགས་མ་འཇའ་གུར་ཕུབ་པ་ལྟར་འཕྱོ་བར་བྱེད།
     དེ་དུས་ཀྱི་མཚོ་སྔོན་པོའི་འགྲམ་ངོགས་སུ་ཡུལ་སྐོར་བ་ཚོས་ཉི་མ་འཆར་དུས་པར་ལེན་པའི་གནས་ཡག་པོ་ཞིག་འཚོལ་བར་བྲེལ། མཚོ་ངོས་སུ་རླབས་ཕྲེང་གཡོ་བ་དང་ཆུ་སྐྱར་དང་ངང་པ་སོགས་འདབ་ཆགས་སྣ་ཚོགས་ཀྱིས་བར་སྣང་དུ་གཤོག་འགྱུར་ངོམས་པ་དང་དགའ་འབོད་སྒྲོག་བཞིན་མཆིས།
     འདས་མ་ཐག་པའི་རྒྱལ་སྟོན་གུང་གསེང་རིང་མཚོ་སྔོན་པོའི་ནུ་ལྕེ་མཛེས་ལྗོངས་ཁུལ་གྱི་གྲུ་ཁར་ཕྱོགས་ཁག་ནས་ཡོང་བའི་མགྲོན་པོ་ཚོས་བག་ཡངས་ངང་འཆམ་འཆམ་བྱེད་བཞིན་འདུག སྐབས་རེ་ཆུ་བྱ་ལྡིང་བ་དང་། གསེར་ཉ་ཁྱུ་དང་ཁྱུ་བྱས་ནས་དྭངས་གསལ་གྱི་མཚོ་མོའི་གཞུང་དུ་ཅི་འདོད་དུ་རྐྱལ་རྩལ་ངོམ་བཞིན་འདུག
     “ས་ཆ་འདི་ཧ་ཅང་མཛེས་ལ་ཉམས་དགའ་བ་མ་ཟད་ཁ་ཁུ་སིམ་པོ་འདུག སེམས་ཀྱང་ལྷོད་ལ་བབས་ཀྱི་འདུག འདི་གའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཧ་ཅང་ཡག་པོ་བྱས་འདུག ཆུ་ཧ་ཅང་དྭངས་ཤིང་གཙང་ལ་གོ་ཐོས་སུ་གནས་འདིའི་ཆུ་ཚྭ་ཆུ་རེད་ཟེར་བས་བྲོ་བ་མྱོང་འདོད་ཆེན་པོ་བྱུང”ཞེས་ཨན་ཧུའེ་ཞོན་ཁྲེང་ནས་ཡིན་པའི་ན་གཞོན་ཡུལ་སྐོར་བ་ཝང་ཞོན་གྱིས་བཤད།
     དེ་ལྟར་ཤོད་ཀྱིན་ཝང་ཞོན་གྱིས་མཁའ་རླུང་ཡིད་ཚིམས་པ་ཞིག་རྔུབ་རྗེས། སྔོ་ཞིང་དྭངས་པའི་མཚོ་ཆུར་ལྟ་བཞིན“ཇི་འདྲའི་མཛེས་པ་ལ། པིར་གྱིས་བྲིས་པའི་པར་རིས་དང་ཇི་མ་ཇི་བཞིན་རེད”ཅེས་དགའ་ཚོར་ངང་བརྗོད།
     ཉིན་གུང་གི་དུས་སུ་ས་མཐོའི་ཉི་འོད་ཀྱིས་གཏོང་ཕོད་ཆེན་པོས་དྲོད་ཁོལ་སྦྱིན་པ་དང་། གྱོན་པ་ཁྲ་ཁྲ་གྱོན་པའི་ཡུལ་སྐོར་བ་ཚོས་བཟོ་ལྟ་སྣ་ཚོགས་བཏོན་ནས་པར་ལེན་པ་དང་། ཡུལ་སྐོར་བ་མི་ཉུང་བས་རླབས་འགོག་གྱང་ཐོག་ཏུ་བསྡད་དེ་ཉི་མ་བསྲོས་ནས་མཚོ་ངོགས་སུ་ངལ་གསོ་རྒྱག་བཞིན་འདུག ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བ་བགྲེས་སོང་གཉིས་ཀྱིས་ས་ཆ་འདི་གའི་མཁའ་རླུང་གཙང་ལ་ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་ལང་ལོང་རྒྱུ་བས་ཡིད་དབང་འཕྲོག་པ་ཞིག་འདུག ད་རེས་ཀྱི་འགྲུལ་བཞུད་ངོ་མ་སྐྱིད་པོ་བྱུང་ཞེས་གསར་འགོད་པར་བཤད།
     སྔོ་ཞིང་དྭངས་པའི་རི་ཆུ་ཡི་གར་འོང་། གསེར་རི་དངུལ་རིར་རིན་ཐང་ལྷག་པར་ཆེ།
     མཚོ་སྔོན་པོ་ཡུལ་སྐོར་མ་རྐང་ཚོད་འཛིན་ཀུང་སི་གཉེར་སྐྱོང་དོ་དམ་པུའི་པུའུ་ཀྲང་ཙེང་ཅན་ཡུས་ཀྱིས། རྒྱལ་སྟོན་གུང་གསེང་རིང་། མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་10ལས་བརྒལ་བ་དང་། ཡུལ་སྐོར་བའི་གྲངས་འབོར་དང་ཡང་ན་ཡུལ་སྐོར་བའི་ཡོང་འབབ་གང་གི་ཆ་ནས་ཀྱང་ན་ནིང་གི་དུས་མཚུངས་ལས་འཕར་བ་དང་། ད་ལོའི“ལྔ་གཅིག”གུང་གསེང་ལས་ཆེས་ཆེར་འཕར་བ་མ་ཟད། མི་རེའི་ཆ་སྙོམས་འཛད་སྤྱོད་ཅུང་འཕར་བའི་དགའ་འོས་པའི་རྣམ་པ་མངོན་འདུག་ཅེས་ངོ་སྤྲོད་བྱས།
     རི་དང་ཆུ་བོ་དང་དེ་བཞིན་ཡུལ་ལྗོངས་མཛེས་པོ་སྲུང་སྐྱོང་བྱས་པས། མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་པ་མང་ཚོགས་ཀྱིས་མཚོ་སྔོན་པོར་བརྟེན་ནས་སྐྱིད་པའི་འཚོ་བ་རོལ་ཐུབ་ཡོད།
     པད་མ་དོན་གྲུབ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཅང་ཤེས་གྲོང་རྡལ་རིག་མོ་གྲོང་ཚོའི་ཡུལ་མི་ཞིག་རེད། ཁོང་གིས་མཚོ་སྔོན་པོའི་ལྷོ་ངོགས་སུ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་ཡོད་པར་ཁྱོན་ཁང་པ་27ཡོད་ཅིང་། 2019ལོར་ཁོང་ཁྱིམ་གྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་ཡོད། འདས་མ་ཐག་པའི་རྒྱལ་སྟོན་གུང་གསེང་ལའང་ཁོང་ལ་ཡོང་འབབ་མི་ཉུང་བ་བྱུང་། གསར་འགོད་པ་དང་ཁ་བརྡ་བྱེད་ཞོར་བྲེལ་འཚུབ་ཀྱིས་ཁེངས་པའི་ཁོང་གི་གདོང་ལས་སྤྲོ་ཉམས་རབ་ཏུ་འཕྱུར།
     རིག་མོ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཚེ་ཆུང་གིས། མཛེས་སྡུག་ལྡན་པའི་མཚོ་སྔོན་པོར་བརྟེན་ནས་གྲོང་ཚོའི་དུད་ཚང་ཀུན་གྱིས་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ་ཡོད། སྔོན་ཆད་ས་ཁང་དང་སོ་ཕག་གི་ཁང་པ་ཡིན་ནའང་ད་ཆ་ཐོག་བརྩེགས་ཁང་པར་སྤོས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་གྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
     “2019ལོར་རིག་མོ་གྲོང་ཚོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་17740ཟིན་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་བཞིའི་གྲོང་ཚོའི་ནང་ནས་ཡོང་འབབ་མང་ཤོས་རེད”ཅེས་ཅང་ཤེས་གྲོང་རྡལ་གྱི་ཀྲེན་ཀྲང་ཡུམ་ཐར་རྒྱལ་གྱིས་བཤད།
     འགྲན་སློང་དང་བྱ་སྤྱོད།
     མཚོ་སྔོན་པོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་གཉིས་ཀྱི་ཁོངས་སུ་ཡོད་ལ་མཚོ་མཐའི་རིང་ཚད་ལ་སྤྱི་ལེ་360ཡོད། ཐུན་མོང་མིན་པའི་ཆུ་ཁོངས་འདི་ཉིད་མཚོ་བོད་ས་མཐོའི་རྩ་ཆེ་བའི་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་དུ་གྱུར་པ་དང་། ནུབ་རྒྱུད་ཀྱི་བྱེ་ས་ཤར་ཕྱོགས་སུ་མཆེད་རྒྱུ་འགོག་པའི་རང་བྱུང་སྲུང་ཡོལ་ཞིག་ཀྱང་རེད།
     འོན་ཀྱང་གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་འགུལ་སྐྱོད་སོགས་རྒྱུ་རྐྱེན་སྣ་མང་གི་ཤུགས་རྐྱེན་ཐེབས་ནས། དེ་སྔ་མཚོ་སྔོན་པོའི་སྣོད་བཅུད་ཧ་ཅང་ཉམས་ཞན་དུ་གྱུར་ཡོད། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྟོངས་ཉེར་གྱུར་པ་དང་། མཐའ་འཁོར་གྱི་རྩྭ་ས་བྱེ་འགྱུར་དང་ཞན་གྱུར་དུ་སོང་བ། མཚོན་བྱེད་རང་བཞིན་གྱི་སྲོག་ཆགས་ཕུའུ་ཧྲི་དགོ་བ་སྟོངས་ལ་ཉེ་བའི་གནས་སུ་གྱར་བ། མཚོ་ཁ་རྒྱུན་མཐུད་དམའ་རུ་སོང་བ། ཆུའི་རྒྱ་ཁྱོན་རྒྱུན་མཐུད་ཆུང་དུ་ཕྱིན་པས། ཕྱི་ཕྱོགས་ཀྱིས་མཚོ་སྔོན་པོ་དེ་ཉིད“ཀྲུང་གོའི་ལུའོ་པུ་མཚོ་གཉིས་པ”དེར་གྱུར་དོགས་སེམས་ཁྲལ་བྱེད་བཞིན་ཡོད།
     མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལའང་བརྩི་མཐོང་བྱས་ཏེ། སྣོད་བཅུད་ཁོར་ཡུག་དང་སྣོད་བཅུད་བཅོས་སྐྱོང་གི་བྱ་ཐབས་དང་རྣམ་གྲངས་རབ་དང་རིམ་པ་རྒྱུན་མཐུད་ནས་ལག་ལེན་བསྟར་ཡོད།
     ——1975ལོར་མཚོ་སྔོན་པོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཤིང་། དེ་ནི་མཚོ་སྔོན་ཞིང་ཆེན་ནས་ཐོག་མ་ཡིན་པ་རེད།
     ——1992ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་མཚོ་སྔོན་པོའི་བྱ་གླིང་དེ་ཉིད་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་ཡོད།
     ——1997ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཡོད།
     ——2008ལོར་མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་ལོ་10ཡི《མཚོ་སྔོན་པོའི་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་འགོད》ལག་ལེན་བསྟར་འགོ་བཙུགས་ཡོད།
     ——2019ལོའི་ཟླ་6པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཉམ་དུ་མཚོ་སྔོན་ལ་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་བྱས་པ་དང་། མཚོ་སྔོན་པོ་ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ནང་བཅུག་ཡོད།
     ལོ་མང་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་པོའི་སྣོད་བཅུད་མ་ལག་སྔར་ཡོད་རང་བཞིན་དང་། མ་ལག་རང་བཞིན། ཆ་ཚང་རང་བཞིན་བཅས་སྔར་རྒྱུན་བཞིན་རྒྱུན་མཐུད་ཐུབ་པ་དང་། སྣོད་བཅུད་ཁོར་ཡུག་ཧྲིལ་པོ་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྣོད་བཅུད་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་ཡོད།
     མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་གཡུས་པང་གིས་ངོ་སྤྲོད་བྱས་དོན། མཚོ་སྔོན་པོའི་སྣོད་བཅུད་ལེགས་སུ་འགྲོ་ཚུལ་དེ་འདམ་རའི་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ནས་རིམ་རྩིས་བརྒྱབ་ན་སྤྱི་ཆིང་ཁྲི་1.51འཕར་བ་དང་། སྔོ་ཁེབས་13.5%མང་དུ་ཕྱིན་པ། མཚོ་སྔོན་པོ་ཧྲིལ་པོའི་སྣོད་བཅུད་ནུས་པ་རྒྱུན་མཐུད་ལེགས་སུ་སོང་བ་དང་སྦྲགས་སྲུང་སྐྱོང་ཁུལ་གྱི་བྱེ་ས་དང་། ཐང་རྒོད། བ་ཚྭ་ཅན་གྱི་ས་ཆ་བཅས་ཀྱི་རྒྱ་ཁྱོན་རྒྱུན་མཐུད་ཆུང་དུ་ཕྱིན་པ་དང་རིམ་རྩིས་བརྒྱབ་ན་སྤྱི་ཆིང་7736ཆུང་དུ་ཕྱིན་པ་བཅས་ལས་མངོན་ཐུབ།
     ལོ་རེའི་ཟླ་6པ་ནས་7པའི་ཟླ་དཀྱིལ་དང་ཟླ་མཇུག་བར་མཚོ་སྔོན་པོའི་ཆུ་ཁུངས་གཙོ་བོ་བུ་ཧའི་ཆུ་དང་། འོམ་ཆུ། ཁྱོན་རྒྱས་ཆུ། རྟ་ནག་ཆུ་སོགས་རབ་ཏུ་རྒྱས་པ་དང་གསེར་ཉ་གྱེན་དུ་རྒྱུ་འགོ་ཚུགས།
     མཚོ་སྔོན་པོའི་གསེར་ཉ《ཀྲུང་གོའི་དངོས་རིགས་ཀྱི་མིང་གཞུང་དམར་པོའི》ནང་སྟོངས་ཉེའི་དངོས་རིགས་ཀྱི་གྲས་སུ་བཞག་ཡོད་པ་དང་། དེ་ནི་མཚོ་སྔོན་པོ་ཁོ་ནར་ཡོད་པའི་རྩ་ཆེའི་ཉ་རིགས་ཤིག་ཡིན་ཞིང་། མཚོ་སྔོན་པོ་རྒྱུག་ཁོངས་ཀྱི“ཆུ་དང་། ཉ། འདབ་ཆགས”བཅས་ཀྱི་སྣོད་བཅུད་འཁོར་འབྲེལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་རེད།
     མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཅན་ཆོན་གྱིས“དེ་སྔ་གསེར་ཉ་མང་པོ་བཟུང་བས་གྲངས་འབོར་ཉུང་དུ་ཤུགས་ཆེན་ཕྱིན་ཡོད། 1980ལོར་མཚོ་སྔོན་ཞིང་ཆེན་གྱིས་གསེར་ཉ་འཛིན་པར་ཚད་བཀག་བཟོས་ཡོད། 2003ལོ་ནས་བཟུང་མཚོ་རྒྱ་བསྡམས་ཏེ་ཉ་ཁྱོན་ཡོངས་ནས་གསོ་སྐྱོང་བྱེད་འགོ་ཚུགས་པ་དང་སྦྲགས་ཉ་གཅིག་ཀྱང་འཛིན་མི་ཆོག་པ་བཟོས་ཡོད། དེ་རྗེས་ད་དུང་གསེར་ཉ་སྐྱོབ་སྲུང་ལྟེ་གནས་བཙུགས་ཏེ་གསེར་ཉ་མི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱེད་ཐབས་ཞིབ་འཇུག་བྱས་པས་གསེར་ཉར་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད”ཅེས་བཤད།
     ད་བར་སྔ་རྗེས་སུ་མཚོ་སྔོན་པོར་མི་ཐབས་ཀྱིས་རྒྱུད་སྤེལ་བྱས་པའི་གསེར་ཉའི་ཉ་ཕྲུག་དུང་ཕྱུར་1.3གློད་པ་དང་། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་དེ་ཏུན་ཁྲི་9.3ཟིན་ནས་ལོ་རྒྱུས་ཐོག་གི་གསེར་ཉ་ཉུང་ཤོས་ཡིན་པའི་2002ལོའི་ཏུན་2592ལས་ལྡབ་སུམ་ཅུ་ཙམ་འཕར་ཡོད།
     “ད་ཆ་མཚོ་སྔོན་པོ་དེ་ཉིད་ཨེ་ཤེ་ཡ་དབུས་མ་དང་རྒྱ་གར་དང་། ཨེ་ཤེ་ཡ་ཤར་མ་དང་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་ཆུ་བྱ་གནས་སྤོ་བའི་ས་ཆ་གལ་ཆེན་དང་མཚོ་བོད་ས་མཐོའི་ཆུ་བྱའི་དགུན་སྒྲོལ་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། སྣོད་བཅུད་ཁོར་ཡུག་ཟམ་མི་ཆད་པར་ལེཌ་སུ་སོང་བས། དུས་བྱ་མང་པོ་མཚོ་སྔོན་པོར་འཚོ་སྡོད་གཞིས་ཆགས་བྱེད་ཀྱི་ཡོད”ཅེས་ཧོ་གཡུས་པང་གིས་དེ་ལྟར་བཤད།
     “མཚོ་སྔོན་པོའི་ཆུ་དང་། ཉ། འདབ་ཆགས་བཅས་ཀྱི་སྣོད་བཅུད་མ་ལག་ལས་མཚོ་སྔོན་པོའི་དམིགས་བསལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྲུབ་པ་དང་། མཚོ་སྔོན་པོ་དེ་ཉིད་དམིགས་བསལ་དངོས་རིགས་ཁྱབ་ཚུལ་གྱི་འདུ་འཛོམས་བྱ་ཡུལ་དུ་གྱུར་པ་དང་། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་འབེལ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨེན་ཀོང་གིས་དེ་ལྟར་བཤད།
     གོ་སྐབས་དང་རེ་བ།
     ལོ་57ལ་སླེབས་པའི་ཝུའུ་ཡུང་ལིང་ནི་མཚོ་སྔོན་པོའི་ལྷོ་ངོགས་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་པ་དང་། 2003ལོ་ནས་བཟུང་ཁོང་གིས་བློ་གཅིག་སེམས་གཅིག་ངང་ཆེད་མངགས་ཕུའུ་ཧྲི་དགོ་བར་ལྟ་ཞིབ་ཚད་ལེན་དང་། སྲུང་སྐྱོབ། མི་ཐབས་འདུལ་གསོར་བརྟེན་ནས་རྒྱུད་སྤེལ་བཅས་ལ་གཞོལ་ཡོད།
     ཕུའུ་ཧྲི་དགོ་བ་ནི་འཛམ་གླིང་ཐོག་སྟོངས་ལ་ཉེ་ཤོས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་གྲས་ཤིག་ཡིན་ཞིང་། ལོ་རྒྱུས་ཐོག་དེ་སྔ་ནང་སོག་དང་། ཀན་སུའུ། མཚོ་སྔོན་སོགས་སུ་འཚོ་བ་དང་། ད་ཆ་མཚོ་སྔོན་ཁོ་ནར་མ་གཏོགས་མེད་པས། མཚོ་སྔོན་པོའི་མཚོན་བྱེད་ལྟ་བུའི་དངོས་རིགས་ལ་གྱུར་ནས་སྲུང་སྐྱོང་ཡག་པོ་བྱུང་ཡོད།
     “དེ་སྔ་ང་ཚོའི་སྲུང་སྐྱོང་ས་ཚིགས་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པ་དང་ཆུ་ཁ་མཐོ་རུ་འགྲོ་སྐབས་ཆུས་བསྣུབས་ཀྱི་ཡོད་པས། མ་སྤོས་ཀ་མེད་བྱུང་སྟེ་ད་ཆའི་ས་ཆ་འདིར་སླེབས་པ་རེད། འདི་ལོ་སྐྱེ་འཕེལ་དུས་ཚིགས་སྐབས་ཡང་དགོ་ཕྲུག་15སྐྱེས་ཏེ་ཕུའུ་ཧྲི་དགོ་བའི་ཁྱུ་ཚོགས་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་འདུག”ཅེས་ཝུའུ་ཡུང་ལིང་གིས་དགའ་ཚོར་ཆེན་པོས་གསར་འགོད་པར་དེ་ལྟར་བཤད།
     ད་ཆ་མཚོ་སྔོན་པོའི་མཐའ་སྐོར་གྱི་རྩྭ་ཐང་ཐོག་ཕུའུ་ཧྲི་དགོ་བའི་ཁྱུ་ཚོགས་14ཡོད་པ་དང་། དེ་སྔའི་གྲངས་འབོར་300མ་ཟིན་ཙམ་ནས་ད་ཆའི་2700ལྷག་ཙམ་བར་མང་དུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པའི་མཚོ་སྔོན་པོར་སྲུང་སྐྱོང་དང་འཕེལ་རྒྱས་དོ་སྙོམས་ཡོང་ཐབས་ཐད་ས་གནས་དེ་གའི་སྲིད་གཞུང་གིས་ཟམ་མི་ཆད་པར་འཚོལ་ཞིབ་དང་འབད་བརྩོན་བྱེད་བཞིན་ཡོད།
     སྣོད་བཅུད་སྲུང་སྐྱོང་བྱ་ཆེད། མཚོ་སྔོན་པོའི་བྱ་གླིང་དང་བྱེ་མ་ལ་བདུན་མཛེས་ལྗོངས་ཁུལ་གཉིས་སྔ་རྗེས་སུ་སྒོ་བརྒྱབ་ཡོད། བྱེ་མ་ལ་བདུན་དེ་སྔའི་མཛེས་ལྗོངས་ཁུལ་གྱི་འཕྲང་ལམ་དང་ལྗོངས་གཟིགས་སྒང་སོགས་ཡུལ་སྐོར་སྒྲིག་བཀོད་46ཚང་མ་བཤིག་པས་བྱེ་མའི་ཐོག་རྩྭ་རྩི་ཤིང་སྐྱེས་ཡོད།
     བྱ་གླིང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་དང་དེ་བཞིན་ཆུ་བྱ་ལྟ་ཞིབ་སྒྲིག་བཀོད་སོར་འཇོག་བྱས་ཡོད། ད་ལོའི་དབྱར་དུས་སུ་གསར་འགོད་པས་རླངས་འཁོར་བསྡད་དེ་གླིང་ཕྲན་ཐོག་བཅར་འདྲིར་བསྐྱོད་ཡོད། སོ་བྱ་གླིང་ཕྲན་ཐོག་མི་ཚོགས་ཀྱི་འགྲུལ་བཞུད་མེད་པས་ཁུ་སིམ་མེར་གནས་ལ། འདབ་ཆགས་ཁྱུ་དང་ཁྱུ་ཚང་བཟོས་ནས་འཚོ་སྡོད་བྱེད་བཞིན་ཡོད་པས་མིང་དོན་མཚུངས་པའི་འདབ་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད།
     མཚོ་སྔོན་ཞིང་ཆེན་གྱིས་ལོ་སྟོད་དུ་འབྲེལ་ཡོད་འཆར་འགོད་ཁྱབ་བསྒྲགས་བྱས་ཏེ་དངོས་སུ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུའི་སྐོར་བཏོན་ཡོད། མཚོ་སྔོན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གཙོ་བོས། མཚོ་སྔོན་པོ་ནི་རབ་མཛེས་མཚོ་སྔོན་གྱི་མིང་བྱང་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ཏེ་མཚོ་སྔོན་པོའི་སྣོད་བཅུད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད།
     “རྒྱལ་ཁབ་སྤྱི་གླིང་ནི་མཛེས་པའི་ཀྲུང་གོའི་ཡུལ་ཁམས་ཀྱི་མུ་ཏིག་ལྟ་བུ་ཞིག་ཡིན་པས་ངའི་སེམས་ནང་གི་ལྟ་ན་སྡུག་པའི་མཚོ་སྔོན་པོའི་མཛེས་ལྗོངས་དང་གཅིག་པ་རེད། རྒྱལ་ཁབ་སྤྱི་གླིང་སྐྲུན་རྗེས‘ས་མཐོའི་མུ་ཏིག’དེ་བས་བཀྲག་མདངས་འཚེར་བའི་རེ་བ་ཡོད”ཅེས་ཧོ་གཡུས་པང་གིས་བཤད།
འདི་ནི་2019ལོའི་ཟླ་9ཚེས་11ཉིན་པར་དུ་བླངས་པའི་མཚོ་སྔོན་པོའི་ཆུ་བྱ་དང་གསེར་ཉ་ཡིན་པ།
འདི་ནི་2019ལོའི་ཟླ་9ཚེས་11ཉིན་པར་དུ་བླངས་པའི་མཚོ་སྔོན་པོའི་ཆུ་བྱ་དང་གསེར་ཉ་ཡིན་པ།