འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅༎ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ཀྱིས་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་
དོན་འཁྱོལ་ལ་ལེགས་སྐྱེས་ཕུལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་གང་ལེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་དང་ཀྲུང་གོ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གིས“སྤྱི་པའི་སྒྲིག་གཞིའི་ནུས་པར་ཤུགས་སྣོན་བརྒྱབ་ནས་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི”དྲ་ཐོག་གི་བགྲོ་གླེང་ཚོགས་འདུ་མཉམ་དུ་འཚོགས་པ་རེད། ཚོགས་ཞུགས་ཕྱོགས་ཁག་གིས། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེས་གོ་ལ་ཧྲིལ་པོར་2030ལོའི་རྒྱུན་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད།
     ཁོ་སི་ཐ་རི་ཁ་དང་ཐ་ཇིག་སི་ཐན་སོགས་རྒྱལ་ཁབ་ཀྱི་པུའུ་ཀྲང་རིམ་པའི་འཐུས་མི་དང་། བྷང་ག་ལ་དང་ས་མོ་ཡ་སོགས་སུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་མི་སྣ། དེ་བཞིན་ཉིའུ་ཅིང་སློབ་ཆེན་དང་མཱ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་རིགས་གཅིག་མཁས་ཅན་སོགས་ཁྱོན་འཐུས་མི་200བགྲོ་གླེང་ལ་ཞུགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ཀྲང་ཅུན་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་འགོ་ཚུགས་ཤིས་ཚིག་ཀྱང་གསུངས་པ་རེད།
     ཀྲང་ཅུན་གྱིས་ནན་བཤད་གནང་དོན། དབུལ་པོ་སེལ་བ་ནི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དམིགས་ཚད་ཨང་དང་པོ་དེ་ཡིན། ཏོག་གསར་གློ་ཚད་རིམས་ནད་མཆེད་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་རྡབ་རྡེག་ཚབས་ཆེན་བཟོས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཉམས་ཉེན་དང་དགོས་གཏུག་གི་སེམས་པ་ཆེ་རུ་བཏང་ནས་ཕྱོགས་མང་རིང་ལུགས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
     ཁོང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་སོང་ཚུན། ཀྲུང་གོ་བ་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་ཐུབ་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ལ་ལེགས་སྐྱེས་འབུལ་ཚད་70%ལས་བརྒལ་ཡོད། 2020ལོར་ཀྲུང་གོས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས་ལོ་10ཡི་སྔ་སྣུར་དུ་དབུལ་པོ་ཉུང་གཏོང་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད། ཀྲུང་གོས་རང་ངོས་ཀྱི་དབུལ་པོ་སེལ་བ་དང་དུས་མཚུངས་སུ། ཐོག་མཐའ་བར་གསུམ་དུ་ནུས་པས་ལྕོགས་ཚོད་ཀྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལའང་རོགས་སྐྱོར་བྱས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁར་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་24རོགས་སྐྲུན་བྱས་པ་ལས་ས་གནས་དེ་གའི་མང་ཚོགས་ཁྲི་50ལྷག་ཙམ་ལ་ཕན་པ་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དབུལ་པོ་དབུལ་ནག་ཡིན་པའི་མི་ཁྲི་760ཙམ་དང་དབུལ་པོ་འབྲིང་ཙམ་གྱི་མི་ཁྲི་3200དབུལ་པོའི་གནས་ལས་སྒྲོལ་རོགས་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་པ་འཛུགས་སྐྱོང་ལ་རོགས་རམ་ཧུར་ཐག་བྱས་ཏེ། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
     ཚོགས་ཞུགས་ཕྱོགས་ཁག་གིས། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེས་གོ་ལ་ཧྲིལ་པོར་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་དང་། རྒྱལ་ཁབ་ཁག་ལ་དབུལ་པོ་ཉུང་གཏོང་དང་རྒྱུན་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་མིག་དཔེ་གལ་ཆེན་ཞིག་སྟོན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད་ཅེས་བརྗོད།