འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཞུ་སྤེལ་བ་ལྟར་ན། གོ་ལ་ཧྲིལ་པོའི་ལས་ཞུགས་ན་ལོན་བུད་མེད་ངལ་རྩོལ་
ནུས་ཤུགས་ཁྲོམ་རར་ཞུགས་པའི་བསྡུར་ཚད་སྔར་བཞིན་50%ཟིན་མེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་ཡིས་ཡོངས་བསྒྲགས་བྱས་པའི《2020ལོའི་འཛམ་གླིང་བུད་མེད། འཕེལ་ཕྱོགས་དང་གྲངས་གཞིའི》སྙན་ཞུ་ལས་མངོན་པར། གོ་ལ་ཧྲིལ་པོའི་ལས་ཞུགས་ན་ལོན་བུད་མེད་ངལ་རྩོལ་ནུས་ཤུགས་ཁྲོམ་རར་ཞུགས་པའི་བསྡུར་ཚད་སྔར་བཞིན་50%ཟིན་མེད་པ་དང་གྲངས་ཀ་དེར་ལོ་25ཡི་ནང་ཧ་ལམ་འགྱུར་ལྡོག་བྱུང་མེད།
     སྙན་ཞུའི་ནང་བསྟན་དོན། ནང་ལས་ལྕི་པོ་དང་གཡོག་བྱེད་ཀྱི་ལས་ཀའི་དབང་གིས་བུད་མེད་དེ་སྐྱེས་པ་དང་འདྲ་བར་ངལ་རྩོལ་ནུས་ཤུགས་ཁྲོམ་རར་ཞུགས་ཐུབ་ཀྱི་མེད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་སྐྱེས་པ་དང་བུད་མེད་ཀྱི་ནང་ལས་དང་གཡོག་བྱེད་ལས་ཀ་ཚང་མ་མང་དུ་ཕྱིན་ནའང་། གོ་ལ་ཧྲིལ་པོའི་བུད་མེད་ཀྱིས་ཉིན་ལྟར་གོང་གསལ་གྱི་ལས་ཀར་སྤྱད་པའི་ཆ་སྙོམས་དུས་ཚོད་དེ་སྐྱེས་པའི་ལྡབ་3ཡིན་པ་དང་། ཧ་ལམ་ཆུ་ཚོད་4.2ཙམ་ཡིན། ཨ་ཧྥེ་རི་ཁ་བྱང་མ་དང་ཨེ་ཤེ་ཡ་ནུབ་མའི་ས་ཁུལ་དུ་ཧེ་བག་དེ་བས་ཆེ་བ་ཡོད་པས་བུད་མེད་ལས་ཀ་དེ་དག་ནང་ཞུགས་པའི་དུས་ཚོད་སྐྱེས་པའི་ལྡབ་7ཡིན། 2020ལོར་ངལ་རྩོལ་ནུས་ཤུགས་ཁྲོམ་རར་ལས་ཞུགས་ན་ལོན་བུད་མེད་47%མ་གཏོགས་ཟིན་ཐུབ་མེད།
     སྙན་ཞུ་གཞིར་བཟུང་། 2019ལོར་གོ་ལ་ཧྲིལ་པོར་དོ་དམ་གྱི་གོ་གནས་འཁུར་བའི་བུད་མེད་28%ལས་མེད་པ་དེ་1995ལོ་དང་ཧ་ལམ་མཚུངས་ཀྱི་ཡོད། 2020ལོར་བཅར་འདྲི་དང་ལེན་བྱས་པའི་ཁེ་ལས་18%ནང་མ་གཏོགས་བུད་མེད་ཀྱི་དབུ་བཞུགས་ལག་བསྟར་དཔོན་མེད། 《རྒྱུ་ནོར》ཞེས་པའི་དུས་དེབ་ཏུ་བདམས་པའི་ཀུང་སི་རྩེ་གྲ་500ཡི་ནང་བུད་མེད་དབུ་བཞུགས་ལག་བསྟར་དཔོན་37ལས་མེད་པ་དེས་བསྡུར་ཚད་ཀྱི་7.4%བཟུང་ཡོད།
     སྙན་ཞུ་ལས་མངོན་པར། གོ་ལ་ཧྲིལ་པོའི་ས་ཁུལ་མང་ཆེ་བར་བྱིས་པ་བུ་དང་བུ་མོར་འདྲ་མཉམ་གྱི་དམའ་རིམ་སློབ་གསོ་ཐོབ་ཀྱི་ཡོད། འོན་ཀྱང་ཚན་རྩལ་དང་། ལག་རྩལ། ལས་གྲྭ་སོགས་ཁྱབ་ཁོངས་སུ་ཚབ་མཚོན་རང་བཞིན་བུད་མེད་སྔར་བཞིན་མི་འདང་བས་ཁྱབ་ཁོངས་འདི་དག་གི་སློབ་ཐོན་སློབ་མའི་ཁྲོད་བུད་མེད་ཀྱིས་བསྡུར་ཚད་ཀྱི་35%ཁོ་ན་ལས་བཟུང་གི་མེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིན་གྱིས་དེ་ཉིན་འཚོགས་པའི་སྙན་ཞུའི་དྲ་ཐོག་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤིས་ཚིག་གསུང་སྐབས། རྒྱལ་ཁབ་ཁག་གིས་འབད་བརྩོན་ལྡབ་བརྒྱ་བྱས་ཏེ་བུད་མེད་དང་བུ་མོའི་དབང་ཆ་དང་འགན་ནུས་ཆེ་རུ་བཏང་སྟེ་ཕོ་མོ་འདྲ་མཉམ་གྱི་འགག་རྩའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གྲངས་གཞིའི་སྟོང་ཆ་གསབ་ཐུབ་པ་བྱེད་དགོས་ཞེས་བརྗོད་པ་རེད།