འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་གྲངས་འབོར་དང་སྤུས་ཚད་
གཉིས་ཀ་འཕར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚན་རྩལ་པུའི་པུའུ་ཀྲང་ཝང་ཀྲེ་ཀང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་རིགས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ། རྨང་གཞིའི་ཞིབ་འཇུག་དང་། བཀོལ་སྤྱོད་ཀྱི་རྨང་གཞིའི་ཞིབ་འཇུག འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་པར་བརྟེན། ཚན་རྩལ་གསར་གཏོད་ཀྱི་གྲངས་འབོར་དང་སྤུས་ཚད་གཉིས་ཀ་འཕར་ནས། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་གསུངས་པ་རེད།
    ཝང་ཀྲེ་ཀང་གིས། འདས་ཟིན་པའི་ལོ་ལྔའི་རིང་། རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་1.42ནས་སྒོར་དུང་ཕྱུར་ཁྲི་2.21བར་འཕར་བ་དང་། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་2.06%ནས་2.23%བར་འཕར་བ་མ་ཟད། རྨང་གཞིའི་ཞིབ་འཇུག་གི་འགྲོ་གྲོན་ཡང་ལྡབ་གཅིག་ཙམ་འཕར་ཡོད། ལག་རྩལ་ཁྲོམ་རའི་གན་རྒྱའི་ཚོང་འགྲིག་བསྡོམས་འབོར་ལྡབ་གཅིག་འཕར་བ་དང་། གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་2015ལོའི་ཨང་29ནས་2020ལོའི་ཨང་14ལ་སླེབས་ཡོད་ཅེས་གསུངས་པ་རེད།
    ཚན་རྩལ་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཆེན་པོ་ཐེབས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད། སྒུལ་བདེའི་འཕྲིན་གཏོང་དང་། སྨན་གསར་པ་བཟོ་བ། ཉིང་རྡུལ་གློག་ཁང་སོགས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་ལྕགས་ལམ་སྤྱོད་འགོ་ཚུགས་པ་དང་། ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པ། 5Gདང་། མིས་བཟོས་རིག་ནུས། ཁུལ་འབྲེལ། ནུས་རྒྱུ་གསར་པ་སོགས་མགྱོགས་མྱུར་སྤྱོད་ཐུབ་པ་བྱུང་ཡོད། རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་ཁུལ་21དང་མཐོ་གསར་ཁུལ་169ས་གནས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི“སྣེ་ཁྲིད་པར”གྱུར་བ་དང་། མཐོ་གསར་ཁུལ་གྱི་རྒྱལ་ནང་གི་ཐོན་སྐྱེད་བསྡོམས་འབོར་ལོ་ལྔའི་ནང་འཕར་ཚད་བརྒྱ་ཆ་50ལས་བརྒལ་ཡོད་ལ། མཐོ་གསར་ལག་རྩལ་གྱི་ཁེ་ལས་ཁྲི་7.9ནས་ཁྲི་22.5བར་འཕར་ཡོད་པ་རེད།
    ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་སྣོད་བཅུད་གསར་གཏོད་སྔར་བས་ལེགས་སུ་ཕྱིན་ཡོད། དོ་དམ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩེ་རིམ་ཇུས་འགོད་ལེགས་གྲུབ་བྱུང་བ་དང་། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ཀྱི་གྲུབ་ཆ་གཙོ་བོ་གཞི་རྩའི་ཆ་ནས་བཙུགས་པ། འཆར་འགོད་དོ་དམ་དང་། གྲུབ་འབྲས་གཞན་སྒྱུར། ཐོན་ཁུངས་མཉམ་སྤྱོད། གདེང་འཇོག་དང་བྱ་དགའ་སྤྲོད་པ། ཡོང་འབབ་བགོ་བཤའ་སོགས་ཀྱི་སྒྱུར་བཅོས་ལ་གྲུབ་འབྲས་དངོས་ཐོབ་ཡོད། ཚན་ཞིབ་མི་སྣའི་ཁུར་པོ་ཡང་དུ་གཏོང་བའི་བྱ་སྤྱོད་ཁག་བདུན་ལག་བསྟར་བྱས་པ་དང་། ཚན་རྩལ་གསར་གཏོད་དང་། གྲུབ་འབྲས་གཞན་སྒྱུར་གྱི་ཁྲིད་སྟོན་ཐེབས་རྩ། ཀུན་གཏོད་བར་མཐོངས་སོགས་ཀྱིས་གསར་གཏོད་ལས་གཏོད་ལ་ཁོར་ཡུག་བཟང་པོ་བཏོད་ཡོད།
    ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་ཤེས་ལྡན་པའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད། ཞིབ་སྤེལ་མི་སྣའི་གྲངས་འབོར་2015ལོའི་མི་ཁྲི་376ནས་2019ལོའི་མི་ཁྲི་480བར་འཕར་བ་དང་། ན་གཞོན་ཚན་རྩལ་ཤེས་ལྡན་པ་རིམ་བཞིན་ཚན་རིག་ཞིབ་འཇུག་གི་གཙོ་ཤུགས་དམག་ཏུ་གྱུར་ཡོད། གསར་གཏོད་ཀྱི་ནུས་པ་དང་སྤུས་ཚད་ཀྱི་ལེགས་སྐྱེས་སྟོན་ཕྱོགས་སུ་བྱེད་པའི་ཤེས་ལྡན་པའི་གདེང་འཇོག་མ་ལག་བཙུགས་པ་དང་རྒྱལ་སྤྱིའི་ལས་རིགས་གཅིག་པའི་གདེང་འཇོག་ནང་འདྲེན་བྱ་རྒྱུ་འཚོལ་ཞིབ་བྱས་ཡོད། ལས་ཀའི་ཆོག་འཐུས་དང་། ཤེས་ལྡན་མི་སྣའི་འཐུས་མཆན། ཡུན་རིང་གནས་སྡོད་བཅས་བརྗེ་སྒྱུར་སྦྲེལ་མཐུད་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཕྱི་རྒྱལ་གྱི་རྩེར་སོན་ཤེས་ལྡན་པར་ཞབས་འདེགས་ཞུ་བའི་གཱ་གཅིག་ཀུན་འཐུས་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ་རེད།
     གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ཕྱོགས་མང་དང་། རིམ་པ་མང་བ། རྒྱ་ཁྱབ་བཅས་ཀྱི་ཚན་རྩལ་སྒོ་དབྱེའི་མཉམ་ལས་རྣམ་པ་བཏོད་ཡོད། སྲིད་གཞུང་དབར་གྱི་གསར་གཏོད་མཉམ་ལས་ཀྱི་གླེང་མོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་མཉམ་ལས་རོགས་ཟླའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི་ཤང་ཀང་དང་ཨའོ་མོན་དུ་སྒོ་མོ་ཕྱེ་ཡོད། རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་དང་ཚན་རིག་གི་འདུ་འགོད་ཆེན་པོར་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་གསར་གཏོད་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཡོད་པ་རེད།