འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅།།2020ལོའི་འཛད་སྤྱོད་དབུལ་སྐྱོར·ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་ཀྱི་ཐོན་ཚོང་སྦྲེལ་མཐུད་
ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚཌ་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་21ཉིན། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་གཙོ་གཉེར་བྱས་པ་དང་། ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་གཉེར་རོགས་བྱས་པ། ཀྲུང་གོ་མཁོ་ཚོང་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སི་དང“དབུལ་སྐྱོར་ལས་སྟེགས་832”ཀྱིས་གཉེར་འགན་འཁུར་བའི“2020ལོའི་འཛད་སྤྱོད་དབུལ་སྐྱོར·ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་ཀྱི་ཐོན་ཚོང་སྦྲེལ་མཐུད་ཚོགས་འདུ”པེ་ཅིང་ཞིང་ལས་འགྲེམས་སྟོན་ཁང་དུ་འཚོགས་པ་རེད།
    ད་ཐེངས་ཀྱི་ཐོན་ཚོང་སྦྲེལ་མཐུད་ཚོགས་འདུའི་དུས་ཡུན་ཉིན་གཉིས་ཡིན་པ་དང་། དེའི་ནང་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་832ཀྱི་མཁོ་འདོན་ཚོང་པ་1200ལྷག་ཙམ་གཅིག་ཏུ་འདུས་ནས་འབྲུ་སྣུམ་དང་། ཤིང་འབྲས་དང་སྔོ་ཚལ། ཇ་ལོ་སོགས་ས་གནས་ཁག་གི་ཁྱད་ལྡན་སྤུས་ལེགས་ཞིང་ཞོར་ཐོན་རྫས་སྣ་ཁ་ཁྲི་1.2གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དེས་ཉོ་སྒྲུབ་ཚོང་པ་དང་འཛད་སྤྱོད་པ་འབོར་ཆེན་གྱི་ཡིད་དབང་བཀུག་ཡོད། ད་དུང་དྲ་ཐོག་སྦྲེལ་མཐུད་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་དང་སྔོན་རྩིས་ཚན་པ་ཁག་གིས་དབུལ་སྐྱོར་ལས་སྟེགས་832ཐོག་དྲ་ཐོག་ཉོ་སྒྲུབ་བྱེད་ཆོག སྦྲེལ་མཐུད་ཚོགས་འདུའི་ཐོག་ཁྱོན་འགྲེམས་ཁུལ་གཉིས་བཙུགས་པ་དང་། འགྲེམས་ཁུལ་དང་པོ་ནི་གཙོ་བོ་དབུལ་ཞྭ་ཕུད་མེད་པའི་རྫོང་དབུལ་པོ་52གནས་སའི་ཞིང་ཆེན་7ལ་དམིགས་པ་དང་། འགྲེམས་ཁུལ་བཅུ་གཅིག་པ་ནི་རྫོང་དབུལ་པོ་15གནས་སའི་ཞིང་ཆེན་ལ་དམིགས་ཡོད།
     འགོ་ཚུགས་མཛད་སྒོའི་ཐོག ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཡུས་ཧུང་ཆིའུ་ཡིས། འཛད་སྤྱོད་དབུལ་སྐྱོར་ནི་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་སྐུལ་སློང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དེས་མི་འབོར་དབུལ་པོ་དབུལ་སྒྲོལ་བརྟན་པོ་ཐུབ་པ་དང་ས་ཁུལ་དབུལ་པོའི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཐེངས་ཀྱི་སྦྲེལ་མཐུད་ཚོགས་འདུ་ནི“དབུལ་སྐྱོར་ལས་སྟེགས་832”ཀྱི་དྲ་ཐོག་ཕྱིར་ཚོང་ནས་དྲ་ཕྱིར་རྒྱ་སྐྱེད་དང་སྣུར་བསྲིང་བྱས་པ་ཞིག་ཡིན་པས། ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་དེ་བས་ལེགས་པའི་སྒོ་ནས་འོས་སྦྱོར་བྱ་རྒྱུར་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད་ཅེས་བརྗོད།
     འདི་ལོའི་ཟླ་1ཚེས་1ཉིན་དབུལ་སྐྱོར་ལས་སྟེགས་832དངོས་སུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་དང་། ཟླ་6ཚེས་28ཉིན་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་832ཚང་མར་ཁྱབ་ཐུབ་པ་དང་། ཟླ་10ཚེས་17ཉིན་བར་རིམ་རྩིས་བྱས་ན་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར་42ལྷག་ཙམ་ཟིན་ནས་མཁོ་ཚོང་མཉམ་ལས་ཁང་གི་དབུལ་སྐྱོར་རྒྱུགས་ཤོག་ལ་བཀྲག་མདངས་འཚེར་ས་ཞིག་བསྣན་ཡོད་པ་རེད།