འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅།།སྔོན་ཆད་ཀྱི་གྲོང་ཚོ་དབུལ་པོ་དྲ་ཐོག་གྲགས་ཅན་གྲོང་ཚོར་གྱུར་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ལུང་ཐན་གྲོང་ཚོ་དེ་ཧྥུའུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་ཕིང་ནན་རྫོང་དུ་ཆགས་ཤིང་། སྔོན་ཆད་མི་རེའི་ཆ་སྙོམས་རྨོ་ཞིང་ཉུང་བས་གྲོང་མི་ཕལ་ཆེ་བ་ཕྱིར་གླ་པར་བསྐྱོད་པ་དང་། རང་སོར་བཞག་པ་ལས་ཉམས་བཟོ་བྱས་མེད་པའི་ཁང་པ་རྙིང་པ་མང་བའི་གྲོང་ཚོ་ནི་རི་སྔོ་ཆུ་དྭངས་ཁྲོད་དབེན་པོར་ཆགས་པའི་ཞིང་ཆེན་རིམ་པའི་གྲོང་ཚོ་དབུལ་པོ་ཞིག་རེད།
    2017ལོའི་ཟླ་5པ་ནས་བཟུང་། ཕིང་ནན་རྫོང་སྲོལ་རྒྱུན་གྲོང་ཚོའི་རིག་གནས་གསར་གཏོད་ཐོན་ལས་རྣམ་གྲངས་ཀྱི་སྐུལ་ཁྲིད་འོག ལུང་ཐན་གྲོང་ཚོས་རིག་གནས་གསར་གཏོད་དང་ཆེད་ལས་ཇུས་འགོད་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ། རིག་གནས་གསར་གཏོད་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་འཆར་གཞི་ལག་ལེན་བསྟར་ནས“ཁང་པ་རྙིང་པ་ཉམས་བཟོ”དང་གནའ་བོའི་གྲོང་ཚོ་སྒྱུར་བཀོད་བྱས་པ་རེད།
     ད་ཆ་ཕྱིར་ཡོད་པའི་ལུང་ཐན་གྲོང་ཚོའི་གྲོང་མི་དང་སློབ་གྲྭ་ཆེ་མོ་བ་སྔར་བས་མང་བ་ཕ་ཡུལ་དུ་ལོག་འགོ་ཚུགས་ཤིང་། ཁོང་ཚོས་བེད་མེད་དུ་བཞག་པའི་སྒོ་ར་བོགས་མར་ལེན་པ་དང་། རིག་གནས་གསར་གཏོད་རྣམ་གྲངས་གཉེར་བ། རང་ཉིད་ཀྱིས་བཟའ་བཏུང་ཁང་དང་། ཁྱིམ་ཚང་མགྲོན་ཁང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སོགས་རྣམ་གྲངས་གཉེར་བ་བཅས་བྱེད་བཞིན་ཡོད། བེད་མེད་དུ་གྱུར་པའི་ཁང་པ་རྙིང་པ་ཉམས་བཟོ་བྱ་རྒྱུ་གཏན་འཁེལ་རྗེས་གྲོང་ཚོའི་སྔར་ཡོད་ཀྱི་རྣམ་པ་རང་སོར་བཞག་པ་མ་ཟད། རིག་གནས་གསར་གཏོད་ཀྱིས་ཀྱང་གྲོང་ཚོར་རིག་གནས་ཀྱི་བྱེད་ནུས་དང་རིན་ཐང་གསར་པ་བསྣན་ཡོད། ད་ཆ་ཡུལ་སྐོར་བ་སྔར་བས་མང་པོ་ལུང་ཐན་གྲོང་ཚོར་སྤྲོ་གསེང་ཡུལ་སྐོར་དུ་ཡོང་ནས་སྔོན་ཆད་ཀྱི་གྲོང་ཚོ་དབུལ་པོ་དྲ་ཐོག་གྲགས་ཅན་གྲོང་ཚོར་གྱུར་ཡོད། 2018ལོར་ལུང་ཐན་གྲོང་ཚོས་གྲུབ་འབྲས་ཐོན་པའི་ངང་ཞིང་ཆེན་རིམ་པའི“གྲོང་ཚོ་དབུལ་པོའི”དབུལ་ཞྭ་ཕུད་པ་རེད།
     ཅང་ཤིས་ཞིང་ཆེན་ཅིས་ཨན་གྲོང་ཁྱེར་ནས་ཡིན་པའི་ཧུའུ་ཝུན་ལེང་ནི་ལུང་ཐན་གྲོང་ཚོས་གདན་དྲངས་པའི་རིག་གནས་གསར་གཏོད་དང་ཆེད་ལས་ཇུས་འགོད་ཀྱི་ཤེས་ལྡན་པ་ཞིག་རེད། 2020ལོའི་ཟླ་5པར་ཁོང་གིས་མ་དངུལ་སྒོར་ཁྲི་དྲུག་ཅུ་ལྷག་ཙམ་བཏང་སྟེ་ཉམས་བཟོ་སྒྱུར་བཀོད་བྱས་པའི་ཨར་ཁང་དང་། ཁྱིམ་ཚང་མགྲོན་ཁང་། རྫ་བཟོ་ཁང་སོགས་ཡོད་པའི་རིག་གནས་གསར་གཏོད་ཀྱི་བར་མཐོངས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། “རྒྱལ་སྟོན་དུས་ཆེན”གྱི་རྫོགས་ལྡན་གཟའ་འཁོར་རིང་ཡུལ་སྐོར་བ་མི་ཐེངས་800ཙམ་ལ་སྣེ་ལེན་ཞུས་ཡོད།