འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅།།དུས་ཚིགས་གསུམ་རིང་ནོར་སྲིད་ཡོང་འབབ་འཕར་ཚུལ་ཟླ་རེ་བཞིན་ལེགས་སུ་ཕྱིན་ནས། རིམས་ནད་
སྔོན་འགོག་དང་ཚོད་འཛིན་སོགས་ཁྱབ་ཁོངས་གཙོ་བོའི་འགྲོ་སོང་འགན་ལེན་ནུས་ལྡན་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ནོར་སྲིད་པུས་དུས་ཚིགས་གསུམ་རིང་གི་ནོར་སྲིད་འགྲོ་སོང་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད། ཁྲལ་རིན་གཉིས་གཅོག་སོགས་ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་ཁོ་ཚོའི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་མགྱོགས་མྱུར་དོན་འཁྱོལ་བྱས་པ་དང་བསྟུན་ནས་དཔལ་འབྱོར་ཟླ་རེ་བཞིན་རྒྱུན་མཐུད་དང་བརྟན་པོའི་ངང་སླར་གསོ་བྱུང་སྟེ། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཟླ་4བསྟུད་མར་དྲང་ཕྱོགས་སུ་འཕར་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཟླ་9པར་དམིགས་བསལ་གྱི་རྒྱུ་རྐྱེན་ཕུད་རྗེས་དུས་མཚུངས་ལས་འཕར་ཚད་8%ཙམ་ཟིན་ནས་སྔོན་དཔག་ལས་ཡག་པ་བྱུང་ཡོད།
     ཟླ་དང་པོ་ནས་དགུ་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་141002ཟིན་པ་དེ་དུས་མཚུངས་ལས་6.4%ཆག་ཡོད། ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས། ཟླ་དང་པོ་ནས་དགུ་པའི་བར་ནོར་སྲིད་ཡོང་འབབ་སྤྱི་ཡོངས་ཀྱི་གནས་ཚུལ་ནི་དུས་ཚིགས་དང་པོར་ཡོང་འབབ་ཤུགས་ཆེན་ཆག་རྗེས་དུས་ཚིགས་གཉིས་པར་མཐིལ་ཐུག་བསྐྱར་འཕར་བྱུང་ཡོད། དུས་ཚིགས་གསུམ་པར་ལྡོག་ཕྱོགས་ནས་དྲང་ཕྱོགས་སུ་བསྒྱུར་ནས་རྒྱུན་མཐུད་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད་ཅེས་བརྗོད་པ་རེད།
    ཟླ་དང་པོ་ནས་དགུ་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱི་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་ནི་སྒོར་དུང་ཕྱུར་175185ཟིན་པ་དེ་དུས་མཚུངས་ལས་1.9%ཆག་རུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དབུལ་སྒྲོལ་འགག་སྒྲོལ། གཞི་རིམ་གྱི“འགན་ལེན་གསུམ”སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འགྲོ་སོང་འགན་ལེན་ནུས་ལྡན་ཐུབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐད་ཀར་འབྲེལ་བ་ཡོད་པའི་སྤྱི་པའི་འཕྲོད་བསྟེན་གྱི་འགྲོ་སོང་66.1%འཕར་བ་དང་དབུལ་སྐྱོར་དང་། སྡོད་ཁང་འགན་ལེན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་བཅས་ཀྱི་འགྲོ་སོང་14.3%དང་། 9.4% 8.2%བཅས་སོ་སོར་འཕར་ཡོད། གཞན་ཡང་། ཟླ་དང་པོ་ནས་དགུ་པའི་བར་རིམ་རྩིས་བྱས་ན། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ནང་བཅུག་པའི་ས་གནས་སྲིད་གཞུང་གི་གསར་སྣོན་ཆེད་སྤྱོད་བུན་འཛིན་གྱི་ཡོང་འབབ་ནས་བཀོད་སྒྲིག་བྱས་པའི་འགྲོ་སོང་སྒོར་དུང་ཕྱུར་ཁྲི་2.8བརྒལ་བ་དེ་དུས་མཚུངས་ལས་ལྡབ་1.4འཕར་བ་དང་གཙོ་བོ་ཞན་ཆ་སེལ་བའི་འཛུགས་སྐྲུན་གལ་ཆེན་དང་ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བའི་ཐད་སྤྱད་པས་རིམས་ནད་ཀྱི་ཤུགས་རྐྱེན་ནུས་ལྡན་གཅོག་པ་དང་དཔལ་འབྱོར་གྱི་གཞི་རྟེན་བརྟན་པོ་ཡོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
    ཟླ་དང་པོ་ནས་དགུ་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་118876ཟིན་པ་དེ་དུས་མཚུངས་ལས་6.4%ཆག་ཡོད། དཔལ་འབྱོར་དམིགས་ཚད་གཙོ་བོ་བརྟན་ཐོག་སླར་གསོ་བྱུང་བ་དང་བསྟུན་ནས་ཟླ་9པ་དེ་རང་དུ་ཁྲལ་རིགས་གཙོ་བོ་འཕར་ཚད་ཕྱོགས་ཡོངས་ནས་དྲང་ཕྱོགས་སུ་གྱུར་ཡོད། ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་འདི་ལོ་ཚུན་དུ་ཁྲལ་རིན་གཉིས་གཅོག་གི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་པས། སྲིད་ཇུས་ཀྱི་ཁེ་ཕན་ཐོབ་མཁན་མང་པོ་བྱུང་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་སུ་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར་18772.86ཟིན་པར་སྔོན་དཔགས་བྱས་ན་ལོ་ཧྲིལ་པོར་གསར་དུ་འཕར་བའི་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.5ལྷག་ཙམ་ཟིན་རྒྱུ་རེད་ཅེས་བརྗོད་པ་རེད།