འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎གཙང་གསུམ་ཆུ་འགོ རྒྱལ་ཁབ་སྤྱི་གླིང་འཕེལ་རྒྱས་ཀྱི་དཔང་པོ།
རྫ་ཆུའི་རླབས་ཕྲེང་དགུང་དུ་འཕྱུར། སྣོད་བཅུད་ཁོར་ཡུག་མཛེས་ཤིང་སྐྱིད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     གཙང་གསུམ་ཆུ་འགོ་ཞེས་པ་གཙང་པོ་གང་དག་གསུམ་ཡིན་ནམ།
     འབྲི་ཆུ་དང་རྨ་ཆུ་ཕུད་ད་དུང་རྫ་ཆུ་ཡོད་ཅིང་། འབྲི་ཆུའི་ཆུ་འགོའི་བརྗིད་ཉམས་དང་རྨ་ཆུའི་ཆུ་འགོའི་དྭངས་གཙང་དང་བསྡུར་ཚེ་རྫ་ཆུའི་ཆུ་འགོར་ཁྱད་ཆོས་གང་འདྲ་ཡོད་དམ།
     སྣོད་བཅུད་རྨང་གཞི་ཡག་པ་དང་གསའ་སོགས་རྩ་ཆེའི་སྲོག་ཆགས་འཚོ་གནས་བྱེད་པ།
     མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་ནས་ནུབ་ཏུ་བསྐྱོད་དེ་གྲང་ལ་རི་མོའི་ཕུག་ལམ་བརྒྱུད་ན་རྫ་སྟོད་རྫོང་ཁོངས་སུ་འབྱོར་བ་དང་། ལམ་བར་དུ་འཁྱགས་རོམ་གྱིས་བསྡམས་པའི་ས་གཤིས་དང་ཕ་བོང་ཆེན་པོ་དག་ལས་གཡུ་ལྟར་སྔོ་བའི་རི་མཐོའི་སྤང་ལྗོངས་དེར་བརྗིད་ཉམས་ཀྱི་རྣམ་པ་ལྷག་པར་བསྣན།
     དེ་རྗེས་གཞུང་ལམ་ནས་ཁ་གྱེས་ཏེ་ལམ་གཅིག་རྫོང་གྲོང་དུ་བསྲིངས་པ་དང་ལམ་གཞན་ཞིག་རྣམ་སྲས་ཤང་དུ་བསྲིངས་ལ། དེ་གའི་གྲོག་རོང་ཆེ་མོ་ནི་རྫ་ཆུའི་ཆུ་འགོའི་མཛེས་ལྗོངས་ཁྲོད་ཀྱི་ཉིང་བཅུད་གནས་ཡུལ་རེད།
     ལོ་མང་རིང་མཁའ་རླུང་ལེགས་པ་དང་མིའི་འགུལ་སྐྱོད་ཉུང་བས་རྫ་ཆུའི་གྲོག་རོང་ཆེ་མོའི་སྣོད་བཅུད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བརྟན་པོ་བྱུང་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་གླིང་གི་དོ་དམ་ཨུ་ལྷན་འཆར་འགོད་ནོར་དོན་པུའི་པུའུ་ཀྲང་མོའུ་ཡུང་ཧུང་གིས“ད་ཕན་ལོ་ཤས་རིང་ང་ཚོས་རྣམ་སྲས་ཤང་དུ་དམར་ཕྱིའི་པར་ཆས་བརྒྱ་ཙམ་བཀོད་སྒྲིག་བྱས་ཏེ་གསའ་ཡི་འདྲ་པར་ཁྲི་གཅིག་ལྷག་ཙམ་བརྒྱབ་པའི་ནང་སྤུས་ཚད་ཅུང་མཐོ་བ་ཆིག་སྟོང་ལྷག་ཙམ་ཡོད”ཅེས་སྤོབས་སེམས་ཆེན་པོས་བཤད།
     སྣོད་བཅུད་བདག་སྐྱོང་གི་སྤྱི་ཕན་ལས་གནས་ཡོངས་ཁྱབ་བྱུང་བ།
     རྣམ་སྲས་ཤང་གནས་མདོ་གྲོང་ཚོའི་གྲོང་མི་བསོད་རྡོར་ཉིན་ལྟར་རི་སྐོར་རྒྱག་པར་འགྲོ་བ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་ཚུན་བསོད་རྡོར་ལ་ཐོབ་ཐང་གསར་པ་ཞིག་ཡོད་པ་སྟེ། སྣོད་བཅུད་བདག་སྐྱོང་པ་ཡིན་ཞིང་། རྒྱུན་གཏན་གྱི་སྐོར་སྲུང་བྱེད་པ་ཕུད་གསའ་ལ་ལྟ་ཞིབ་ཚད་འཇལ་བྱ་རྒྱུ་དེའང་སྐོར་སྲུང་གི་ནང་དོན་གལ་འགངས་ཆེན་པོ་ཞིག་རེད། བསོད་རྡོར་གྱིས་ཤོད་སྒྲོས་ལྟར་ན་ཁོང་གིས་དེ་སྔ་ས་ཆ་གཅིག་ནས་གསའ་ཐེངས་གསུམ་ལྟ་ཞིབ་ཚད་འཇལ་ཐུབ་པ་རེད།
     བསོད་རྡོར་དང་འདྲ་བར། མིག་སྔར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་སྣོད་བཅུད་བདག་སྐྱོང་བ་ཁྱོན་17211གིས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་དེ་གླིང་ཁུལ་གྱི་འབྲོག་པའི་སྣོད་བཅུད་བདག་སྐྱོང་གི་སྤྱི་ཕན་ལས་གནས་ཀྱི“དུད་ཚང་རེར་ལས་གནས་རེ”ཡོངས་ཁྱབ་བྱུང་བ་དང་། ཤང་དང་གྲོང་རྡལ་གྱི་བདག་སྐྱོང་ས་ཚིགས་དང་གྲོང་ཚོ་རིམ་པའི་བདག་སྐྱོང་རུ་ཁག་བཙུགས་ཏེ“གནས་ནས་ཁྱོན་དང་དྲ་བ་ནས་ངོས”ཀྱི་བདག་སྐྱོང་མ་ལག་ཆགས་ཡོད། རྫ་ཆུའི་གྲོག་རོང་ཆེ་མོར་སྐྱོད་སྐབས་ལམ་བརྒྱུད་དུ་རྟག་ཏུ་དཔུང་རྟགས་དམར་པོ་བཏགས་པ་དང་སྦག་སྦག་བཞོན་ནས་རི་སྐོར་རྒྱག་པའི་སྣོད་བཅུད་བདག་སྐྱོང་བ་མཐོང་ཐུབ།
     “མིག་སྔར་རྣམ་སྲས་ཤང་གི་དམར་ཕྱིའི་པར་ཆས་ཁྱབ་ཁྱོན་ལ་དྲ་མིག་72ལ་དབྱེ་ཞིང་། དྲ་མིག་རེར་དམར་ཕྱིའི་པར་ཆས་གཅིག་ནས་གཉིས་བསྒར་བ་དང་པར་ཆས་ཚང་མར་འབྲོག་པ་ཞིབ་དཔྱད་ཚད་འཇལ་བ་གཅིག་གིས་དོ་དམ་བྱས་ཏེ། འབྲོག་པ་བདག་སྐྱོང་བར་གྱུར་ལ། ཁོར་ཡུག་སྲུང་སྐྱོང་གི་སྟོབས་ཤུགས་གཙོ་བོར་ཡང་གྱུར་ཡོད”ཅེས་རྣམ་སྲས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྡོ་རྗེ་ཚེ་བརྟན་གྱིས་བཤད།
     གཙོ་གཉེར་སྡེ་ཚན་དང་ཁྲིམས་སྐྱོང་སྒྲིག་གཞི་ཟླ་སྒྲིལ་གྱིས“ཚན་པ་གཅིག་གིས་དོ་དམ་དཔྱིས་ཕྱིན”བྱས་པ།
     འགྲོ་ལམ་ཀྱག་ཀྱོག་ཡིན་མོད། མོའུ་ཡུང་ཧུང་གིས་དེ་གའི་ས་དབྱིབས་དང་ལམ་བུའི་གནས་ཚུལ་རྒྱུས་མངའ་ཆེན་པོ་ཡོད། 2009ལོར་རྫ་སྟོད་རྫོང་གི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་དོན་ཁང་གི་ཀྲུའུ་རེན་བྱས་ཚུན་ཁོང་ལམ་བུ་དེར་ཐེངས་གྲངས་མེད་བསྐྱོད་མྱོང་ཡོད།
     རྫོང་གཙང་གསུམ་ཆུ་འགོའི་གཞུང་དོན་ཁང་ནས་རྫ་ཆུའི་ཆུ་འགོའི་གླིང་དོ་དམ་ཨུ་ལྷན་བར་དུ་མོའུ་ཡུང་ཧུང་གིས་གཙང་གསུམ་ཆུ་འགོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་རིམ་སྤོར་ལ་དཔང་པོ་བྱེད་ཐུབ་ཡོད། ཁོང་གིས“ལོ་དྲུག་བདུན་གྱི་གོང་དུ་རྫོང་གྲོང་གི་འཛུགས་སྐྲུན་གད་སྙིགས་དང་འཚོ་བའི་གད་སྙིགས་ཚང་མ་རྫོང་གྲོང་གི་ཤར་སྒོའི་རྫ་ཆུའི་འགྲམ་དུ་སྤུངས་པ་དང་ལམ་དེ་བརྒྱུད་རིམ་བཞིན་དྲི་ངན་གྱིས་ཁེངས”ཞེས་བཤད།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་ཚུན། སྡེ་ཚན་ཆེ་མོའི་ལམ་ལུགས་སྒྱུར་བཅོས་བྱས་པ་བརྒྱུད་རྫ་སྟོད་རྫོང་གི་དེ་སྔའི་རྒྱལ་ཁབ་ས་ཆ་དང་། ཁོར་ཡུག་སྲུང་སྐྱོང་། ཆུ་བེད་སོགས་རྫོང་རིམ་པའི་གཙོ་གཉེར་སྡེ་ཚན་དེ་དག་རྫ་ཆུའི་ཆུ་འགོའི་གླིང་གི་དོ་དམ་ཨུ་ལྷན་ཁོངས་གཏོགས་ཀྱི་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་སུ་ཟླ་སྒྲིལ་བཏང་བ་དང་དུས་མཚུངས་དེ་སྔའི་རྒྱལ་ཁབ་ས་ཆ་ཁྲིམས་སྐྱོང་དང་། རྩྭ་ཐང་ལྟ་སྐུལ་དོ་དམ། ཁོར་ཡུག་ཁྲིམས་སྐྱོང་། ཆུ་བེད་ཁྲིམས་སྐྱོང་སོགས་སྒྲིག་གཞི་ཡང་རྫ་ཆུའི་ཆུ་འགོའི་གླིང་གི་དོ་དམ་ཨུ་ལྷན་ཁོངས་གཏོགས་ཀྱི་ཐོན་ཁུངས་ཁོར་ཡུག་ཁྲིམས་སྐྱོང་ཅུས་སུ་ཟླ་སྒྲིལ་བཏང་བ་རེད། “ཟླ་སྒྲིལ་མ་བཏང་གོང་ཐོན་ཁུངས་ཁོར་ཡུག་ཁྲིམས་སྐྱོང་ཅུས་ཀྱི་ཁྲིམས་སྐྱོང་རུ་ཆེན་གྱི་རུ་དཔོན་ལུའོ་ཧའེ་ཆིང་ནི་རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡིན་པ་དང་སྔོན་ཆད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལས་སྒྲུབ་དགོས་མེད། ད་ཆ་སྣོད་བཅུད་གཏོར་བཤིག་གཏོང་བའི་བྱེད་སྤྱོད་རིགས་ཐམས་ཅད་ལ་ཁོང་གིས་དོ་དམ་བྱེད་ཆོག“ཁྲིམས་སྐྱོང་རུ་ཆེན་གྱིས་མི་སྣ་མངགས་ཤིང་། རྐོ་འདྲུའི་འཕྲུལ་འཁོར་སྤྱད་དེ་འཕྲལ་མར་གད་སྙིགས་གཙང་སེལ་བྱས་ལ། སྔོན་ཆད་ཚན་པ་མང་པོས་གནད་དོན་གཅིག་ལ་དོ་དམ་བྱེད་པ་དང་། ད་ཆ་ཚན་པ་གཅིག་གིས་དོ་དམ་དཔྱིས་ཕྱིན་པ་བྱེད་ཐུབ”ཅེས་མོའུ་ཡུང་ཧུང་གིས་བཤད།