འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་འཕར་ཤུགས་ཆེ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་
དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཀྲུང་གོའི་དཔལ་འབྱོར་དུས་མཚུངས་ལས་0.7%འཕར་བའི་གནས་ཚུལ་ལ་དམིགས་ནས། ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་དང་འཛམ་གླིང་དཔལ་འབྱོར་འཕར་འགོར་བའི་རྒྱབ་ལྗོངས་ཆེན་པོའི་འོག ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་འདྲ་ཐོབ་པ་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་བཞིན་ཡོད་ཅེས་བརྗོད་པ་རེད།
     ཚེས་20ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་10ཚེས་19ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཀྲུང་གོའི་དཔལ་འབྱོར་དུས་མཚུངས་ལས་0.7%འཕར་བར་ལས་རིགས་ཁག་གི་དོ་ཁུར་ཆེན་པོ་བྱུང་ཡོད། ཀྲུང་གོའི་དཔལ་འབྱོར་འཕར་ཤུགས་ཆེ་རུ་ཕྱིན་པ་དེས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་དོན་སྙིང་གང་ལྡན་ཡོད་དམ་ཞེས་དྲིས་པར།
     ཀྲའོ་ལི་ཅན་གྱིས“འདི་ནི་གཏམ་བཟང་ཞིག་རང་རེད”ཅེས་བརྗོད་པ་དང་། ཁོང་གིས། ཚེས་19ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཀྲུང་གོའི་དཔལ་འབྱོར་ཆག་པ་ནས་འཕར་བར་གྱུར་པ་དང་། ལྷག་དོན་དུ་དུས་ཚིགས་གསུམ་པའི་དཔལ་འབྱོར་འཕར་མགྱོགས་སུ་ཕྱིན་ནས་དུས་མཚུངས་ལས་4.9%འཕར་བ་དང་དུས་ཚིགས་གཉིས་པ་ལས་བརྒྱ་ཆའི་གྲངས་1.7མགྱོགས་པ་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོས་ཕྱི་དངུལ་དངོས་སུ་སྤྱོད་རྒྱུ་དུས་མཚུངས་ལས་5.2%འཕར་བ་དང་། དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་0.7%འཕར་བ། རིམ་རྩིས་ལྟར་ན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་འདི་ལོའི་ནང་ཐེངས་དང་པོ་དུས་མཚུངས་ལས་དངོས་སུ་འཕར་བ་བཅས་བྱུང་ཡོད་ཅེས་བརྗོད་པ་རེད།
     “དེ་དང་ཆབས་ཅིག ང་ཚོས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་21བར་མང་དུ་ཕྱིན་ཡོད” དེ་གོང་འཛམ་གླིང་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི《2020ལོའི་གོ་ལ་ཧྲིལ་པོའི་ཚོང་གཉེར་ཁོར་ཡུག་སྙན་ཞུ》གཞིགས་ན། ཀྲུང་གོའི་ཚོང་གཉེར་ཁོར་ཡུག་གོ་ལ་ཧྲིལ་པོའི་ཨང་རིམ་31ལ་སླེབས་ཡོད། ཉིན་ཤས་གོང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཀྲུང་གོ་ནི་འདི་ལོ་དཔལ་འབྱོར་སྔར་མུས་བཞིན་འཕར་བའི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་གཅིག་པུ་དེ་ཡིན་པ་དེ་ཐོག་ནས་ཀྱང་ཀྲུང་གོའི་དཔལ་འབྱོར་འཕར་བར་ཕྱི་ཕྱོགས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་ལུགས་མངོན་ཡོད་ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་རེད།
     “ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་དང་འཛམ་གླིང་དཔལ་འབྱོར་འཕར་འགོར་བའི་རྒྱབ་ལྗོངས་ཆེན་པོའི་འོག ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་འདྲ་ཐོབ་པ་ནི་ཧ་ཅང་རྩ་ཆེན་པོ་ཞིག་ཡིན་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་སྐུལ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་ཡོད”ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་མུ་མཐུད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་ལ་རྒྱ་ཆེ་བའི་ཁྲོམ་ར་དང་འཕེལ་རྒྱས་ཀྱི་གོ་སྐབས་སྐྲུན་པ་དང་འཛམ་གླིང་དཔལ་འབྱོར་སླར་གསོ་དང་དཔལ་འབྱོར་འཕར་ཤུགས་ཆེ་རུ་འགྲོ་རྒྱུར་སྒུལ་ཤུགས་དེ་བས་མང་བ་སྣོན་རྒྱུ་ཡིན་ཞེས་བརྗོད་པ་རེད།