འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རན་ལ་རྒྱུན་གཏན་གྱི་མཚོན་ཆ་སྐྱེལ་འདྲེན་བཀག་འགོག་མེད་པ་བཟོས་པར། 
ཕྱི་འབྲེལ་པུས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ལངས་ཕྱོགས་མཚོན་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རན་ལ་ལག་བསྟར་བྱས་པའི་རྒྱུན་གཏན་གྱི་མཚོན་ཆའི་སྐྱེལ་འདྲེན་བཀག་འགོག་མེད་པ་བཟོས་པར་དམིགས་ཏེ། ཉིན་ཤས་གོང་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། དེ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2231གི་དུས་མཚམས་དང་པོ་ལག་བསྟར་ཟིན་པ་མཚོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་དང་། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་ཀྱི་གྲུབ་འབྲས་ལྡན་པ་དང་ཕྱོགས་ཡོངས་གྲོས་མཐུན་གྱི་གོ་ཆོད་རང་བཞིན་གྱི་ཐུན་མོང་ལངས་ཕྱོགས་ལ་སྲུང་སྐྱོང་བྱས་པ་མཚོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་དབྱི་རན་གྱི་ཉིང་རྡུལ་གནད་དོན་ལ་ཆབ་སྲིད་ཀྱི་ཕྱི་འབྲེལ་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
    ཀྲའོ་ལི་ཅན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2231ནང་དབྱི་རན་ལ་མཚོན་ཆ་སྐྱེལ་འདྲེན་གྱི་བཀག་འགོག་མེད་པ་བཟོ་བ་སོགས་ཐད་ཀྱི་ཚོད་འཛིན་རང་བཞིན་གྱི་བྱ་ཐབས་བཀོད་སྒྲིག་ཁ་གསལ་བྱས་པ་དེ་ལག་བསྟར་ཡང་དག་བྱེད་དགོས་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་ས་ཁུལ་དང་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་གཞོལ་ནས་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཆབ་སྲིད་ཀྱི་ཕྱི་འབྲེལ་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད། ཀྲུང་གོས་རང་ཉིད་ཀྱི་དམག་མཁོའི་དངོས་རྫས་ཀྱི་ཕྱིར་གཏོང་སྲིད་ཇུས་དང་དེ་བཞིན་འཁུར་བའི་རྒྱལ་སྤྱིའི་འོས་འགན་ལ་མུ་མཐུད་གཞིགས་ནས་དམག་དོན་གྱི་འགྲོ་གྲོན་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།