འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅།།རང་རྒྱལ་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་དུས་རིམ་IIIཔའི་ནད་ཐོག་སྨན་བཅོས་
ཚོད་ལྟ་མི་ཁྲི་6ལ་བྱས་ཤིང་།སྨན་ལོག་ཚབས་ཆེན་བྱུང་བའི་སྙན་ཞུ་འབྱོར་མེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚན་རྩལ་པུའུ་སྤྱི་ཚོགས་འཕེལ་རྒྱལ་ཚན་རྩལ་སུའི་སི་ཀྲང་གཞོན་པ་ཐན་པའོ་གོ་ཡིས་ཚེས་20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། རང་རྒྱལ་གྱི་ནད་དུག་འགོག་ཁབ་གསར་པ་4དུས་རིམ་IIIཔའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་། མིག་སྔའི་བར་ཁྱོན་བསྡོམས་མི་ཁྲི་6ལ་ཚོད་ལྟ་བྱས་ཤིང་། སྨན་ལོག་ཚབས་ཆེན་བྱུང་བའི་སྙན་ཞུ་འབྱོར་མེད་ཅེས་བསྟན། 
    དུས་རིམ་Ⅲནད་ཐོག་སྨན་བཅོས་ཚོད་ལྟའི་མཇུག་འབྲས་ནི་རིམས་འགོག་སྨན་ཁབ་སྲུང་སྐྱོབ་ནུས་པ་ར་སྤྲོད་བྱེད་པར་རྒྱལ་སྤྱིས་ཁས་བླངས་པའི་ནུས་ལྡན་རང་བཞིན་གྱི་དམིགས་ཚད་ཅིག་རེད།། ཐན་པའོ་གོ་ཡིས་ངོ་སྤྲོད་བྱས་དོན། རིམས་འགོག་སྨན་ཁབ་གང་ཡིན་རུང་། ནད་ཐོག་སྨན་བཅོས་ཚོད་ལྟའི་དུས་རིམ་ཡིན་ནའང་རུང་། ཡང་ན་ཁྲོམ་རའི་ཐོག་བཏོན་རྗེས་གཞི་རྒྱ་ཆེན་པོར་བེད་སྤྱོད་པའི་དུས་རིམ་ཡིན་ཀྱང་རུང་། ཚང་མ་ལ་སྨན་ལོག་འབྱུང་སྲིད་པ་རེད། མིག་སྔར་དུས་རིམ་Ⅲཔའི་ནད་ཐོག་ཚོད་ལྟར་སླེབས་པའི་ཏོག་གསར་གློ་ཚད་ནད་དུག་གི་རིམས་འགོག་སྨན་ཁབ་ལ། སྨན་ལོག་བྱུང་བའི་རྣམ་པ་ནི་སྤྱིའི་ཆ་ནས་སྨན་ལོག་ཡང་མོ་བྱུང་བའི་རྣམ་པ་རེད། དཔེར་ན། སྨན་ཁབ་རྒྱག་སར་ན་ཟུག་སྐྱེས་པ་དང་སྐྲང་བ། དེ་བཞིན་དུ་དུས་ཡུན་ཐུང་ངུའི་ནང་ཚ་ཆུང་རྒྱག་པ་དང་དྲོད་སྐྱེས་པ་སོགས་རེད་ཅེས་བཤད། 
    རྒྱལ་སྨན་ཚོགས་པའི་ཏུང་ཧྲི་ཀྲང་ལུའུ་ཅིང་ཀྲེན་གྱིས། རྒྱལ་སྨན་ཚོགས་པའི་ཀྲུང་གོའི་སྐྱེ་དངོས་ཁང་གི་ཁོངས་གཏོགས་པེ་ཅིང་སྐྱེ་དངོས་བཟོས་རྫས་ཞིབ་འཇུག་ཁང་དང་ཝུའུ་ཧན་སྐྱེ་དངོས་བཟོས་རྫས་ཞིབ་འཇུག་ཁང་གིས་གྲུང་འཇོམས་རིམས་འགོག་སྨན་ཁབ་རིགས་གཉིས་མིག་སྔར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་10ལ་དུས་རིམ་Ⅲཔའི་ནད་ཐོག་སྨན་བཅོས་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། མི་ཁྲི་5ལྷག་ལ་སྨན་ཁབ་བརྒྱབ་ཟིན་ཞིང་། མིག་སྔའི་བར། སྨན་ལོག་ཚབས་ཆེན་བྱུང་རིགས་ལྟ་ཞིབ་མ་བྱུང་བ་དང་སྙན་ཞུ་འབྱོར་མེད་ཅེས་བསྟན། 
    པེ་ཅིང་ཁོའོ་ཤིང་ཀྲུང་ཝེ་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀའོ་ཆང་གིས། ཁེ་ལས་དེས་པ་ཞི་དང་། ཧིན་རྡུ་ཉི་ཞི་ཡ། ཐུར་ཁེར་ཡོད་པའི་མཉམ་ལས་རོགས་པ་ཚང་མས་རྒྱལ་སྤྱིའི་ཐོག་ཐུན་མོང་དུ་སྤྱོད་པའི་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་སྤུས་ཚད་དོ་དམ་གྱི་ཚད་གཞི(GCP)བླང་བྱ་གཞི་བཟུང་ནས། འཐུས་ཚང་བའི་སྨན་ལོག་རྒྱག་པའི་གནས་ཚུལ་ལྟ་ཞིབ་མ་ལག་བཙུགས་ཡོད་པ་རེད། མིག་སྔའི་བར། སྨན་ལོག་ཡང་མོ་འབྱུང་མཁན་ཁ་ཤས་བྱུང་ཡོད་མོད། ཡིན་ནའང་། མཉམ་ལས་རོགས་པ་ཚང་མས་རིམས་འགོག་སྨན་ཁབ་འབྲེལ་ཡོད་སྨན་ལོག་ཚབས་ཆེན་བྱུང་བའི་གནས་ཚུལ་སྙན་ཞུ་བྱེད་མེད་ཅེས་བསྟན།