འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅།།ལུས་རྩལ་དང་མཛེས་དཔྱད་སློབ་ཚན་གྱི་མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་གནས་བབ་མཐོ་རུ་གཏོང་
རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་སློབ་གསོ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར་བཀྲམ་པའི《དུས་རབས་གསར་པའི་སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《དུས་རབས་གསར་པའི་སློབ་གྲྭའི་མཛེས་དཔྱད་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གསལ་འགྲེལ་བྱས་ཡོད། སྔོན་ཆད་རྟག་ཏུ“བརྩི་མཐོང་མི་བྱེད་པའི”ལུས་རྩལ་དང་མཛེས་དཔྱད་སློབ་གསོར་མཐོང་ཆེན་བྱས་ནས་མཐོ་རྒྱུགས་དང་འབྲིང་རྒྱུགས་ཁྲོད་གནས་བབ་དེ་བས་གལ་ཆེ་བ་བཟུང་ཐུབ་པ་བྱ་རྒྱུ་རེད།
    སློབ་གསོ་པུའི་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏེང་ཧྥུང་གིས། ལུས་རྩལ་གྱི་འབྲིང་རྒྱུགས་སྐར་གྲངས་ལོ་རེ་བཞིན་མཐོ་རུ་བཏང་སྟེ་དེའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག མཐོ་རྒྱུགས་སློབ་བསྡུའི་ཁྲོད་ཀྱི་ལུས་རྩལ་གྱི་བྱང་ཚད་ལ་གདེང་འཇོག་དང་སྐར་གྲངས་ལ་ཞིབ་འཇུག་བྱེད་དགོས་པ་དང་། མཛེས་དཔྱད་སློབ་གསོའི་འབྲིང་རྒྱུགས་དེ་ཚོད་ལྟའི་རྨང་གཞིའི་ཐོག་གང་མགྱོགས་ཁྱབ་གདལ་གཏོང་དགོས་ཞེས་བརྗོད། “གོམ་སྟབས་རྗེས་མར་མཛེས་དཔྱད་སློབ་གསོའི་འབྲིང་རྒྱུགས་ཀྱི་ལས་དོན་སྔར་བས་ཏན་ཏིག་སྤེལ་ནས། 2022ལོར་སླེབས་སྐབས་ཕྱོགས་ཡོངས་ལ་ཁྱབ་རྒྱུ་བརྩོན་ལེན་གྱིས་མཛེས་དཔྱད་སློབ་གསོའི་འབྲིང་རྒྱུགས་ལག་བསྟར་བྱེད་དགོས”ཞེས་ཝང་ཏེང་ཧྥུང་གིས་བརྗོད།