འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་20ཉིན།

༄༅༎རྫ་ཆུའི་འགྲམ་གྱི་རྫ་ནག་གི་རྒྱུན་འཛིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་20ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
རྫ་ཆུ་དང་མེ་ཀུང་གཙང་པོར་ལེ་དབར་ཁྲིར་སྐྱོད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པས་རྫ་ནག་བཟོ་སྟངས་སྦྱོང་བཞིན་པ།
རྫ་ཆུ་དང་མེ་ཀུང་གཙང་པོར་ལེ་དབར་ཁྲིར་སྐྱོད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པས་རྫ་ནག་བཟོ་སྟངས་སྦྱོང་བཞིན་པ།
     མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ནས་གློག་འཕྲིན་འབྱོར་གསལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་རྫ་ནག་ནི་སྙན་གྲགས་ཆེ་བའི་མིང་བྱང་ཞིག་རེད། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་བྱས་ནས་འབྲོག་པ་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱས། ལོ་4000ལྷག་ཙམ་རིང“ནང་དུ་སྦས་ནས་ཤེས་མཁན་ཉུང་བའི”རྫ་ནག་ད་ཆ་སྐད་གྲགས་ཆོད་ཡོད།
     ཟླ་10ཚེས་16ཉིན། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཆེན་རྫ་ནག་གི་རྒྱུན་འཛིན་པ་ཡིན་པའི་པད་མ་ཆོས་རྒྱལ་དང་ཁོང་གི་རྫ་ནག་ཐོན་སྐྱེད་རྟེན་གཞིས་2020ལོའི་རྫ་ཆུ་དང་མེ་ཀུང་གཙང་པོར་ལེ་དབར་ཁྲིར་སྐྱོད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པར་བསུ་བ་བྱས་པ་རེད།
     པད་མ་ཆོས་རྒྱལ་ནི་ནང་ཆེན་རྫོང་གི་སྒྱུ་རྩལ་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ལ། ཐང་ག་འབྲི་བ་དང་། འཇིམ་བཟོ། རི་མོ་འབྲི་བ་སོགས་ཀྱི་ལག་རྩལ་རྩེ་གྲ་མང་པོ་ཡོད། 2001ལོར། ཁོང་གིས་ནང་ཆེན་རྫོང་ལྕི་ཆུ་ཤང་བསམ་གཞུང་གྲོང་ཚོའི་བགྲེས་སོང་གྲགས་དབང་དགེ་རྒན་ལ་བསྟེན་ནས་གནའ་བོའི་རྫ་ནག་གི་ལག་ཤེས་བཟོ་རྩལ་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་ཏེ། རྫ་ནག་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་བཟོས་པ་རེད།
     “ནང་ཆེན་ལ་དམིགས་བསལ་དུ་ཡོད་པའི་ས་དམར་པོ་དེ་མ་བཅོས་རྒྱུ་ཆ་བྱས་ནས། རྒྱུ་ཆ་གཏོར་བ་དང་། གདམ་གསེས། རྫ་ཁོག་བཟོ་བ། བཟོ་བཅོས། བསིལ་སྐམ། འོད་འདོན་པ། རི་མོ་བརྐོ་པ་སོགས་ལས་རིམ་བཅུ་ལྷག་བརྒྱུད་རྗེས། རྫ་ཁོག་དེ་བཟོས་ཚར་བའི་རྫ་མའི་ནང་དུ་བཅུག་ནས་ལྕི་བ་བསྲེགས་དགོས་པ་རེད”ཅེས་པད་མ་ཆོས་རྒྱལ་གྱིས་ངོ་སྤྲོད་བྱས།
     ནང་ཆེན་རྫ་ནག་རྟེན་གཞིའི་རྫ་ནག་འགྲེམས་ཁང་དུ་བསྐྱོད་པ་ན། ས་འདམ་དང་ཆུ་འགོའི་དྭངས་གཙང་ཆུ་བོ་བསྲེས་པའི་ལོ་ངོ་སྟོང་གི་དྲི་ཞིག་འཐུལ་ཡོད། ནག་པོ་ནག་རྐྱང་གི་རྫ་ནག་ཚང་མ་འགྲེམས་སྒམ་དུ་བཞག་ཡོད་དེ། དེ་ནི་པད་མ་ཆོས་རྒྱལ་གྱིས་ལོ་མང་རིང་སེམས་ནུས་ཡོད་རྒུ་བཏོན་པའི་བརྩམས་ཆོས་དང་གཅེས་ནོར་རེད། སྣོད་ཆས་རེ་རེས་ཁྱད་དུ་འཕགས་པའི་བློ་གྲོས་དང་སྒྱུ་རྩལ་མངོན་པར་བྱས་ཡོད།
     ནང་ཆེན་གྱི་རྫ་ནག་བཟོ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ནས། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཏུ་གྱུར་པ་དེ་ནི་པད་མ་ཆོས་རྒྱལ་གྱི་ཨ་ཕས་ཁོང་ལ་བཅང་བའི་རེ་བ་ཡིན། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་དོར་ཏེ་བཟོ་གྲྭ་བཙུགས་ནས་དགེ་ཕྲུག་བསྡུས། པད་མ་ཆོས་རྒྱལ་གྱིས་ཀྱང་རང་ཉིད་ཀྱི་བྱེད་སྟངས་ལ་བརྟེན་ནས་ས་གནས་དེ་གའི་འབྲོག་པར་ལག་ཤེས་བཟོ་རྩལ་སྦྱོང་རྒྱུར་སྐུལ་ཁྲིད་བྱས་ཏེ་ཁོ་ཚོའི་ཡོང་འབབ་མང་དུ་བཏང་བ་རེད།
     མི་དེ་བས་མང་བ་ཞིག་ལ་རྫ་ནག་བཟོ་བའི་ལག་རྩལ་ཁོང་དུ་ཆུད་པར་འཇུག་ཆེད། 2006ལོར་པད་མ་ཆོས་རྒྱལ་གྱིས་བཟོ་རྩལ་བཟོ་གྲྭ་ཞིག་བཙུགས། དཀའ་ངལ་ཤིན་ཏུ་ཆེ་བའི་ཁྱིམ་ཚང་དང་། དྭ་ཕྲུག དབང་པོ་སྐྱོན་ཅན་བཅས་ཀྱི་ནང་ནས་དགེ་ཕྲུག་བསྡུས་ཏེ་ཁོ་ཚོའི་ཟས་གོས་འགྲོ་སྡོད་བཞི་ལ་ལྟ་རྟོག་བྱས་ཏེ། ཁོ་ཚོས་རྫ་ནག་ལག་རྩལ་སྔ་ཙམ་ཁོང་དུ་ཆུད་ནས་རང་སྟོབས་རང་སྤེལ་བྱ་རྒྱུར་རོགས་རམ་བྱས་པ་རེད། 2013ལོར་མ་དངུལ་འཁོར་རྒྱུག་ཐད་དཀའ་ངལ་མང་པོ་འཕྲད་སྐབས་པད་མ་ཆོས་རྒྱལ་གྱིས་དགེ་ཕྲུག་བསྡུ་བའི་ཚད་གཞི་ཇེ་མཐོར་བཏང་ཡོད།
     ཤིང་གྲི་ལག་ཏུ་བཟུང་ནས་རྫ་ནག་ལས་སྣོན་རྟེན་གཞིའི་གཞོན་ནུ་བཅུ་ལྷག་གིས་རྫ་ནག་གི་འདམ་ཁོག་བཟོ་བཞིན་ཡོད། ད་ལོ་ལོ་29ལ་སླེབས་པའི་བསོད་ནམས་ནི་ཟླ་བ་གཉིས་ཀྱི་སྔོན་ལ་འདི་གར་ཡོང་བ་ཡིན་ལ། ད་ལྟ་ཁོང་གཅིག་པུས་ཅུང་སླ་བའི་རྫ་ནག་སྣོད་ཆས་བཟོ་ཐུབ་ཀྱི་ཡོད། ཁོང་གིས“ངས་ད་ལྟ་བཟོ་བཞིན་པ་ནི་ཇ་དེམ་ཡིན། འདི་ནི་ང་ཚོས་ཇ་བསྲུབས་མ་བླུག་སྣོད་རེད། ངས་ད་ལྟ་ཉིན་གཅིག་ལ་ཕལ་ཆེར་ཉི་ཤུ་སུམ་ཅུ་ཙམ་བཟོ་ཐུབ”ཟེར།
     “ངས་ཁྱོན་བསྡོམས་དགེ་ཕྲུག་1773ལ་སློབ་ཁྲིད་བྱས་མྱོང་། མིག་སྔར་ལག་རྩལ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་མི་50ལྷག་ཡོད་ཅིང་ད་ལྟ་དགེ་ཕྲུག་23ཡོད། ཁོ་ཚོར་སྐུལ་མ་གཏོང་ཆེད། སུས་བཟོ་པ་ཡག་ན་ངས་ཁོ་ལ་གླ་ཕོགས་མང་ཙམ་སྟེར་པ་ཡིན། སྤྱིའི་ཆ་ནས་བཤད་ན་ཉུང་ཤོས་ལ་ཟླ་རེར་སྒོར་3000ལྷག་རག་གི་ཡོད་ལ། མང་ཤོས་ལ་སྒོར་ཁྲི་1ལྷག་ཙམ་རག་གི་ཡོད”ཅེས་པད་མ་ཆོས་རྒྱལ་གྱིས་ངོ་སྤྲོད་བྱས།
     རྫ་ནག་ལས་སྣོན་རྟེན་གཞིར། གསར་འགོད་པས་ད་དུང་ཀོང་ཀྲོའུ་ནས་རྫ་ནག་ཉོ་སྒྲུབ་བྱེད་པར་ཡོང་མཁན་ལས་ཚབ་ཚོང་པ་ཤེ་ཞུའེ་ཧྭ་མཐོང་བྱུང་། ཤེ་ཞུའེ་ཧྭ་ཡིས་2008ལོར་གྲོགས་པོས་ངོ་སྤྲོད་བྱས་པར་བརྒྱུད་རྫ་ཆས་ནག་པོ་ཤེས་རྟོགས་བྱུང་བ་ཡིན་ལ། 2015ལོར་རང་ཉིད་ཀྱིས་རྫ་ནག་གི་ཚབ་བྱེད་ཚོང་པ་བྱས་པ་རེད། ནང་ཆེན་རྫ་ནག་གི་སྐོར་གླེང་དུས། མོས་བསྟོད་པ་ཡང་ཡང་བྱས།
     “ང་དང་གྲོགས་པོས་རྫ་དེམ་ནག་པོ་སྤྱད་ནས་ཚོད་ལྟ་ཞིག་བྱས་པ་ཡིན། ཇ་འཐུང་རྗེས་ཇ་ལོ་ཇ་དེམ་ནང་དུ་བཞག་ནས་ཉིན་གསུམ་འགོར་རྗེས་ཇ་དེམ་གྱི་ཁ་ལེབ་ཕྱེ་བ་ན། ཇ་ལོ་སྐམ་པོར་འགྱུར་ཚར་ལ། ངོ་བོ་འགྱུར་མེད་ལ་བྲོ་བ་ངན་པ་ཡང་མེད། འདིས་རྫ་ནག་གི་སྤུས་ཚད་འགན་ལེན་དང་རུལ་འགོག་གི་ཕན་འབྲས་ཧ་ཅང་བཟང་པོ་ཡོད་པ་གསལ་བཤད་བྱས་ཡོད། ཀོང་ཏུང་གི་མི་ནི་ཁུ་བ་འཐུང་རྒྱུར་དགའ་བ་དང་། རྫ་ནག་ནང་དུ་ཁུ་བ་སྐོལ་ན་ཕོ་བར་ཡང་ཕན་པས། ལུས་ཁམས་བདེ་སྲུང་གི་ནུས་པ་ཡོད”ཅེས་ཤེ་ཞུའེ་ཧྭ་ཡིས་བཤད།