འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་20ཉིན།

༄༅།།“དཔང་ཡིག”དགོས་རིགས་ཁག་ཁྲི་གཅིག་ལྷག་ཙམ་མེད་པ་བཟོས་པ།

དཔང་ཡིག་དགོས་རིགས་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་ཏེ་མང་ཚོགས་ཀྱིས་དོན་དག་གཅོད་པ་དང་བྱ་བ་སྒྲུབ་སྐབས་ཀྱི“ཁུར་པོ”ཡང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་20ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། “ཁྱེད་ཀྱི་ཨ་མ་ནི་ཁྱེད་ཀྱི་ཨ་མ་ངོ་མ་ཡིན་པའི་དཔང་ཡིག”དང“ཁྱེད་ནི་ཁྱེད་ངོ་མ་ཡིན་པའི་དཔང་ཡིག”ལ་སོགས་དེ་སྔོན“ཁྱད་མཚར་བའི་དཔང་ཡིག”སྣ་ཚོགས་དགོས་པ་ནི་མང་ཚོགས་ཀྱིས་བྱ་བ་སྒྲུབ་པ་དང་དོན་དག་གཅོད་པར་སྐྱོད་སྐབས“བཟོད་པར་དཀའ་བའི”བྱ་བ་ཞིག་རེད།
    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“དཔང་ཡིག་དགོས་རིགས་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་པའི”བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་ཏེ། སྡེ་ཚན་གྱིས་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་དེ་བཞིན་དོན་དག་གཅོད་པ་དང་དཔང་ཡིག་འབྲི་བའི་ལས་དོན་སྒྲུབ་རིམ་མགྱོགས་སུ་བཏང་ཡོད། ཁྲིམས་འཛིན་སྡེ་ཚན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2019ལོའི་ལོ་མཇུག་བར་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔང་ཡིག་དགོས་རིགས་ཁག་13000ལྷག་ཙམ་མེད་པ་བཟོས་ཏེ། མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་དུས་ཡུན་ཐུང་དུ་ནུས་ལྡན་བཏང་ཡོད་ལ་སྲིད་འཛིན་ཞབས་ཞུའི་མ་གནས་ཀྱང་ཆུང་དུ་བཏང་ཡོད།
    ཀྲུང་གོ་མི་དམངས་དངུལ་ཁང་གིས“ཐེམ་ཐོ་བསྒྱུར་བའི་དཔང་ཡིག”སོགས་དཔང་ཡིག་དགོས་རིགས་ཁག་11མེད་པ་བཟོས་པ་སྟེ། རྐང་པ་ཐང་པོ་མེད་པ་དང་རང་མགོ་མ་ཐོན་པ་སོགས་དངུལ་ཁང་དུ་དངུལ་བཅོལ་ལེན་བྱེད་པར་སྐྱོད་མི་ཐུབ་པའི་མི་ཡིན་ཕྱིན། དེའི་ཚབ་གཉེར་བས་འབྲེལ་ཡོད་ལས་སྒོ་གཉེར་སྐབས་འབྲེལ་ཡོད་དཔང་ཡིག་མཁོ་འདོན་བྱ་རྒྱུའི་བླང་བྱ་མི་འདོན་རྒྱུ་སོགས་དང་། ཁྲིམས་འཛིན་སྡེ་ཚན་གྱིས་ཁྲིམས་རྩོད་པས་ལས་གཉེར་དོ་དམ་བྱེད་པ་དང་སྡེ་ཁུལ་དུ་ཡོ་བསྲང་བྱེད་པ་སོགས་ཀྱི་སྐབས་དཔང་ཡིག་དགོས་རིགས་ཁག་28མེད་པ་བཟོས་པ་སྟེ། ཁྲིམས་རྩོད་པས་ལས་གཉེར་བྱེད་སྐབས“རེ་འདུན་ཞུ་མཁན་གྱི་ལས་གཉེར་ལོ་རྒྱུས་མཚོན་པའི་དཔང་ཡིག”སོགས་མཁོ་འདོན་བྱེད་དགོས་ཀྱི་མེད་པ། པེ་ཅིང་གྲོང་ཁྱེར་གྱིས་སྲིད་འཛིན་ལས་ཁུངས་དང་བྱ་གཞག་ཚན་པས་གཏན་འཁེལ་བྱས་པའི་དཔང་ཡིག་ཚང་མ་མི་དགོས་པ་བཟོས་པ་སྟེ། མང་ཚོགས་ཀྱིས་བྱ་བ་བསྒྲུབ་རྒྱུའི་རེ་འདུན་ཞུ་སྐབས་ལག་ཁྱེར་དང་དཔང་ཡིག་མཁོ་འདོན་བྱེད་པ་དང་སྡེ་ཚན་གྱིས་ནང་ཁུལ་དུ་ཞིབ་དཔྱད་བྱེད་པའམ་ཡང་ན་ཕྱོགས་བསྡུས་བརྟག་ཞིབ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་གཉེར་སྒྲུབ་བྱེད་ཆོག
     ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་འཛིན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་དཔང་ཡིག་སོར་འཇོག་བྱ་རྒྱུའི་གསལ་ཐོར་ཕྱོགས་བསྡུས་རྣམ་པའི་ཐོག་ནས་ཞིབ་བཤེར་གཏན་འབེབས་བྱས་ཏེ། དཔང་ཡིག་དང་ལག་ཁྱེར་གཉེར་བའི་འགྲོ་ལུགས་སྔར་བས་སྟབས་བདེ་རུ་གཏོང་བཞིན་ཡོད་པ་རེད།
     ཁས་ལེན་གྱི་གསལ་ཐོ“གཅིག”བཟོས་པ་དང་། ཁས་ལེན་གྱི་མ་དཔེ“གཉིས”མཁོ་འདོན་བྱས་པ། ཁས་ལེན་གྱི་ལམ་ལུཌ“གསུམ”འཛུགས་པ། ཁས་ལེན་གྱི་ཁ་གསབ“བཞི”བྱས་པ་ལ་སོགས། དེ་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱིས“དཔང་ཡིག་མི་དགོས་པའི་གྲོང་ཁྱེར”གཏོད་པའི་ཉམས་མྱོང་ཞིག་རེད། 2019ལོར་ཁྲིམས་འཛིན་སྡེ་ཚན་གྱིས་ཐེན་ཅིན་དང་། ཧྲང་ཧའེ། ཀྲེ་ཅང་སོགས་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་13དང་དེ་བཞིན་སྤྱི་བདེ་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། མི་སྤྱི་པུའུ་སོགས་སྡེ་ཚན་5ཡིས་བདེན་དཔང་བྱས་དོན་ལན་སྤྲོད་ཁས་ལེན་ལམ་ལུགས་ཚོད་ལྟའི་ངང་ལག་ལེན་བསྟར་འགོ་བཙུགས་ནས“དཔང་ཡིག་དགོས་རིགས་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་པའི”ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཀྱིས་བཙུགས་ཡོད།
    བདེན་དཔང་བྱས་དོན་ལན་སྤྲོད་ཁས་ལེན་ལམ་ལུགས་ལག་ལེན་བསྟར་རྗེས། སྲིད་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་ཆོག་འཐུས་ཐོ་འགོད་སོགས་ཀྱི་ལས་དོན་གཉེར་སྐབས་དཔང་ཡིག་མཁོ་འདོན་བྱ་རྒྱུའི་བླང་བྱ་མི་འདོན་པར། བདེན་དཔང་བྱས་པའི་འོས་འགན་དང་། བདེན་དཔང་བྱས་པའི་ནང་དོན། དེ་བཞིན་ཁས་ལེན་བྱས་པ་བདེན་པ་མིན་པ་སོགས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་ཡིག་ཐོག་ནས་རེ་འདུན་ཞུ་མཁན་ལ་གསལ་བཤད་བྱ་རྒྱུ་དང་དེས་ཡིག་ཐོག་ནས་ཁས་ལེན་བྱས་རྗེས་ཐད་ཀར་གཉེར་སྒྲུབ་བྱ་རྒྱུ་རེད།