འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་19ཉིན།

༄༅༎བོད་ལྗོངས་སྒར་རྫོང་དུ་སྔོ་ཚལ་གྱི་དྲི་ཞིམ་འཐུལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་19ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
བོད་ལྗོངས་སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་གི་ས་མེད་འདེབས་འཛུགས་བྱས་པའི་སྔོ་ཚལ།
བོད་ལྗོངས་སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་གི་ས་མེད་འདེབས་འཛུགས་བྱས་པའི་སྔོ་ཚལ།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། མཐོ་ལྕོག་དབྱིབས་ཀྱི་རླངས་གཏོར་འདེབས་གསོ་དང་ལངས་གཟུགས་སྦུ་གུའི་རྣམ་པའི་ཆུ་འབུད་སོགས་དེང་རབས་འདེབས་འཛུགས་བྱེད་སྟངས་སྤྱད་པའི་སྔོ་ཚལ་སོས་པོར་གནས་ལ། སྲོལ་རྒྱུན་སྔོ་ཚལ་དྲོད་ཁང་ནང་དུ་སྨིན་ལ་ཉེ་བའི་ཀྲོ་མ་ཀྲུ་ཡིས་ཡལ་ག་ཁེངས་ཡོད། བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་དུ་ས་བབ་མཐོ་བའི་ས་ཁུལ་དུ་སྔོ་ཚལ་དང་ཤིང་འབྲས་གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱེད་པའི་རྣམ་པ་དེས་ལྟ་སྐོར་དུ་ཡོང་མཁན་ཚོར་རང་དབང་མེད་པར་ཡ་མཚན་སྐྱེ་རུ་བཅུག
     མངའ་རིས་ས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བ་དང་། མཐོ་གྲང་གསོ་རླུང་མི་འདང་བའི་ཁོར་ཡུག་གིས་འདི་གར་ཡུན་རིང་སྔོ་ཚལ་འདེབས་འཛུགས་བྱེད་ཐབས་བྲལ་བ་རེད། སྔོ་ཚལ་དང་ཤིང་འབྲས་སྤྱིར་ན་ནང་འདྲེན་ལ་བརྟེན་དགོས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་སྔོ་ཚལ་དཀོན་པ་དང་སྔོ་ཚལ་གྱི་རིན་གོང་མཐོ་བའི་འཚོ་བའི་དཀའ་གནད་དང་འཕྲད་ཀྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན། ས་གནས་དེ་གར་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་བསྐྲུན་ནས། སྔོན་ཐོན་འདེབས་འཛུགས་ལག་རྩལ་དང་ནང་སའི་ལག་རྩལ་མཁས་པ་ནང་འདྲེན་བྱས་ནས་ཤིས་ཀྭ་དང་། འབྲི་ཏ་ས་འཛིན། ཚོད་དཀར་སོགས་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་30ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་འདེབས་འཛུགས་བྱས་པ་རེད།
     གླིང་ཁུལ་གྱི་འགན་འཁུར་བ་ལིའུ་ཅང་གིས“གླིང་ཁུལ་གྱིས་དབྱར་དུས་ཐོན་སྐྱེད་བྱས་པའི་སྔོ་ཚལ་དང་ཤིང་འབྲས་ཀྱིས་ཁྲོམ་རར་མཁོ་འདོན་བྱེད་ཚད་ཀྱི་40%ཡས་མས་ཟིན་གྱི་ཡོད། དགུན་དུས་ཐོན་སྐྱེད་བྱས་པའི་སྔོ་ཚལ་གྱིས་ཁྲོམ་རའི་མཁོ་སྤྲོད་བྱེད་ཚད་ཀྱི་10%ཟིན་གྱི་ཡོད། འདིས་ལས་བྱེད་པ་དང་མང་ཚོགས་ཀྱི་སྔོ་ཚལ་དཀོན་པ་དང་སྔོ་ཚལ་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་བྱས་ཡོད”ཅེས་བཤད་པ་དང་། “གླིང་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་བརྒྱུད་རིམ་ནང་མང་ཚོགས་མང་པོ་ཞིག་གིས་དེ་གར་ལས་ཞུགས་འབབ་འཕར་བརྟན་པོ་བྱུང་བ་མངོན་འགྱུར་བྱས་ཡོད། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་གླིང་ཁུལ་གྱིས་རིམ་རྩིས་བྱས་ན་མང་ཚོགས་ལ་ངལ་ནུས་གཏོང་སྒོ་སྒོར་ཁྲི་130ལྷག་ཙམ་སྤྲད་ཡོད”ཅེས་བརྗོད།
     ལོ་38ལ་སླེབས་པའི་སྨོན་ལམ་རྒྱལ་མཚན་རྫོང་གྲོང་གི་བདེ་སྐྱིད་གྲོང་གསར་དུ་སྤོས་ནས་ཡུན་རིང་མ་སོང་བར། ཐོན་ལས་གླིང་དུ་ལས་ཀ་བྱེད་པར་ཡོང་ནས་ཉིན་རེར་ཡོང་འབབ་སྒོར་200བྱུང་བས་ཁོང་བློ་ཡིད་ཚིམས་པོ་བྱུང་། སྨོན་ལམ་རྒྱལ་མཚན་གྱིས“ལོ་གཅིག་ལ་ཟླ་བ་དྲུག་བདུན་ཙམ་འདི་གར་ལས་ཀ་བྱེད་ཐུབ་ཀྱི་ཡོད”ཅེས་བཤད་པ་དང་། “བུ་ཆེ་བ་ས་ཁུལ་དུ་སློབ་གྲྭར་འགྲོ་བར་འགྲོ་སོང་གཏོང་མི་དགོས་ལ། མནའ་མས་ཁྱིམ་དུ་བློ་གཅིག་སེམས་གཅིག་གིས་བུ་ཆུང་བར་ལྟ་རྟོག་བྱེད་ཀྱི་ཡོད། ངས་ཁྱིམ་དང་ཐག་མི་རིང་བའི་སར་ཞོར་ལས་ལས་ཆོག་པས། འཚོ་བ་སྔོན་ཆད་ལས་ཡག་ཏུ་ཆེས་ཆེར་ཕྱིན་ཡོད”ཟེར།
     “ཁྱོད་ཚོ་ད་ལྟ་ཡོང་བའི་དུས་ཚོད་ཅུང་འཕྱི་སོང་། ཟླ་བདུན་པ་བརྒྱད་པར་ཡོང་ན་ཤིས་ཀྭ་དང་འབྲི་ཏ་ས་འཛིན་སྨིན་ནས་གླིང་ཁུལ་དུ་སླེབས་ཚེ་སྔོ་ཚལ་དང་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་ཡོད”ཅེས་གླིང་ཁུལ་གྱི་ལག་རྩལ་འགན་འཁུར་བ་ཧྲི་ཕེ་ནེང་གིས་ཕངས་སེམས་ཀྱིས་བཤད་པ་དང་། “ཐེངས་རྗེས་མར་ཤིང་འབྲས་སྨིན་དུས་ཁྱེད་ཚོ་ཡང་བསྐྱར་ཤོག་དང་། འདི་གར་ཤིང་ཏོག་གི་བྲོ་བ་ཞིམ་པོ་མྱོང་ཆོག”ཅེས་བརྗོད།
     ད་ཆ་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་དེ་སྒར་རྫོང་གི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ལྟ་སྐོར་དུ་ཡོང་བའི་རིམ་ཁག་སྡེ་ཚན་གྱི་འགན་འཁུར་བས། ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བའི་ས་ཆར་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་30ལྷག་ཙམ་གཞི་ཁྱོན་ཆེན་པོས་འདེབས་ཐུབ་པ་མཐོང་སྐབས་ཚང་མས་བསྔགས་བརྗོད་བྱེད་ཀྱི་ཡོད།
     མངའ་རིས་ས་ཨུད་ཀྱི་ཨུ་ཡོན། སྒར་རྫོང་རྫོང་ཨུད་ཧྲུའུ་ཅི་ཀའོ་པའོ་ཅུན་གྱིས“སྔོ་ཚལ་ཟ་བའི་དོན་ཆུང་འདི་ནས་འགོ་ཚུགས། མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ཚང་མ་མཐོར་འདེགས་གཏོང་རྒྱུ་དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་འགྱུར་བར་ཡོད་དགོས་པའི་ནང་དོན་ཞིག་རེད”ཅེས་བཤད་པ་དང་། “འདི་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྒར་རྫོང་དུ་ལག་ལེན་ཞིབ་ཕྲ་བྱས་པ་ཞིག་ཡིན་ལ། ང་ཚོ་སྒར་རྫོང་གི་ལས་བྱེད་ལས་བཟོ་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་བྱ་ཡུལ་ཡང་ཡིན”ཞེས་བརྗོད།
བོད་ལྗོངས་སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་ཁུལ་གྱི་དོ་དམ་མི་སྣས་ལས་ཀ་སྒྲུབ་བཞིན་པ།
བོད་ལྗོངས་སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་ཁུལ་གྱི་དོ་དམ་མི་སྣས་ལས་ཀ་སྒྲུབ་བཞིན་པ།
བོད་ལྗོངས་སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ། སྨོན་ལམ་རྒྱལ་མཚན་ལ་ལག་རྩལ་མི་སྣས་སྔོ་ཚལ་བདག་གཉེར་སྣེ་ཁྲིད་བྱེད་བཞིན་པ།
བོད་ལྗོངས་སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ། སྨོན་ལམ་རྒྱལ་མཚན་ལ་ལག་རྩལ་མི་སྣས་སྔོ་ཚལ་བདག་གཉེར་སྣེ་ཁྲིད་བྱེད་བཞིན་པ།