འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་19ཉིན།

༄༅༎མཚོ་སྔོན་ཞིང་ཆེན་གྱི“ཉི་ཟླ་རི་བོར་རོ་སྦས་བའི་གྱོད་གཞིའི”ནག་ཚོགས་དང་འབྲེལ་བའི་ཚོགས་པའི་
ཁོངས་མི་ཚང་མ་ཁྲིམས་སར་འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་19ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་དགོང་མོར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི“8·07”གྱི་ནག་ཚོགས་དང་འབྲེལ་བའི་ཆེད་དོན་གྱོད་གཞིའི་བྲོས་བྱོལ་མི་སྣ་མཱ་ཧའེ་ཡུན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་སུ་འཛིན་བཟུང་བྱས་པ་རེད། དེའི་བར་དུ། གྱོད་གཞི་འདིའི་ཚོགས་པའི་ཁོངས་མི་ཚང་མ་ཁྲིམས་སར་འབྱོར་བ་རེད།
     2019ལོའི་ཟླ་4པར། མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་ཟི་ལིང་མ་ཁྲེང་ནག་ཚོགས་དང་འབྲེལ་བའི་གྱོད་གཞི་མྱུལ་ཞིབ་བྱེད་སྐབས་གནོད་འཚེ་ཕོག་མཁན་མ་ཧྲེང་ཀྲེན་2002ལོའི་ཟླ་4པར་བཙན་ཁྲིད་བྱས་ནས་བསད་པའི་ཁུངས་སྣེ་ཤེས་རྟོགས་བྱུང་བ་དང་། མི་བསད་པའི་གྱོད་གཞི་འདི་དང་ནག་ཚོགས་དང་འབྲེལ་བའི་གྱོད་གཞི་མཉམ་དུ་མྱུལ་ཞིབ་བྱས་པ་རེད། མ་ཧྲིང་ཀྲིན་གྱི་བེམ་པོ་ཟི་ལིང་ཉེ་འགྲམ་གྱི་ཉི་ཟླ་རི་ཁུལ་དུ་སྦས་ཡོད་པ་འདྲ་བས། གྱོད་གཞི་འདི་ལ“ཉི་ཟླ་རི་བོར་རོ་སྦས་པའི་གྱོད་གཞི”ཡང་ཟེར། ལོ་དེའི་ཟླ་11པའི་ཟླ་མཇུག་ཏུ་རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གིས་མཚོ་སྔོན་གྱི“ཉི་ཟླ་རི་བོར་རོ་སྦས་པའི་གྱོད་གཞི”ཐོག་མར་ཁྱབ་བསྒྲགས་བྱས་པ་རེད། སྤྱི་བདེ་པུས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་མྱུལ་ཞིབ་སྒྲིག་འཛུགས་བྱས་པའི་འོག་ཀྲང་ཁྲེང་ཧུའུ་དང་། མཱ་ཁྲེང་། མཱ་ཧའེ་ཡུན་སོགས་ཉེས་གསོག་དོགས་ཅན་གཙོ་བོ་60ལྷག་ཙམ་ལས་གྲུབ་པའི་ཉེས་གསོག་ཚོགས་པ་ཕྱིར་ཐོན་པ་རེད། ཀྲང་ཁྲེང་ཧུའུ་སོགས་དེ་རྗེས་འཛིན་བཟུང་བྱས་ཤིང་མཱ་ཧའེ་ཡུན་སོགས་བྲོས་སོང་བ་རེད།
     “8·07”ནག་ཚོགས་དང་འབྲེལ་བའི་ཆེད་དོན་གྱོད་གཞི་མྱུལ་ཞིབ་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུས་ཆེད་བཙུགས་ཚོགས་ཆུང་བཙུགས་པ་དང་ཆེད་བསྐོས་མི་སྣ་གཏནའབེབས་བྱས། མྱུལ་ཞིབ་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་མུ་མཐུད་དུ་གནད་ཕིགས་ཤུགས་འདོན་བྱས་ཏེ། གྱོད་གཞི་རྩད་ཆོད་པ་དང་འགག་སྒྲོལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་སུ། འཛིན་བཟུང་དང་རང་ཉེས་ངོས་ལེན་ཞུ་བའི་ཁ་ཏ་བྱེད་པ་སོགས་བྱེད་ཐབས་ཟུང་འབྲེལ་བྱས་ཏེ་བྲོས་བྱོལ་དུ་སོང་བའི་མི་6ལ་རྒོལ་བ་དྲག་པོ་བཏང་། 2019ལོའི་ཟླ་9ཚེས་16ཉིན་མཱ་པེའོ་ཡིས་མཚོ་སྔོན་ཁྲི་ཀར་རང་ཉེས་ངོས་ལེན་ཞུས་པ་དང་། 2020ལོའི་ཟླ་1ཚེས་11ཉིན་མཱ་ཧྲའོ་ཅུན་གྱིས་ཤིན་ཅང་ཝུའུ་ལུམ་ཆི་རུ་རང་ཉེས་ངོས་ལེན་ཞུས་པ། ཟླ་2ཚེས་28ཉིན་མཱ་ཁྲེང་ཀུང་ཧའེ་ནན་སན་ཡ་ནས་འཛིན་བཟུང་ཐུབ་པ་པ། ཟླ་4ཚེས་9ཉིན་མཱ་ཁྲེང་པེའོ་ཧུའུ་པེ་ཅིང་ཀྲོའུ་ནས་འཛིན་བཟུང་བྱས་པ། ཟླ་5ཚེས་13ཉིན་ཝང་མིང་ཚའེ་ཡིས་ཟི་ལིང་སྐུ་འབུམ་དུ་རང་ཉེས་ངོས་ལེན་ཞུས་པ། ཟླ་10ཚེས་16ཉིན་མཱ་ཧའེ་ཡུན་ཟི་ལིང་སྐུ་འབུམ་ནས་འཛིན་བཟུང་བྱས་པ་རེད།
     མིག་སྔར། “8·07”ནག་ཚོགས་དང་འབྲེལ་བའི་ཆེད་དོན་ཚོགས་པའི་ཁོངས་མི་ཚང་མ་ཁྲིམས་སར་འབྱོར་བ་དང་འབྲེལ་ཡོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།