འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་19ཉིན།

༄༅༎པར་རིས་འགྲེམས་སྟོན“གཡའ་དག་པའི་ནམ་མཁའ”ལས་མཚོ་བོད་ས་མཐོའི་མི་རིགས་ཁག་གི་
མི་དམངས་ཀྱི་འཚོ་བ་གསར་པ་གཅིག་སྡུད་མངོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་18ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་10ཚེས་16ཉིན། ལྟད་མོ་བས་པར་རིས་བརྩམས་ཆོས《བདེ་སྐྱིད་ལྡན་པའི་འཛུམ་མདངས》ལ་ལྟ་བཞིན་ཡོད་པ།
འདི་ནི་ཟླ་10ཚེས་16ཉིན། ལྟད་མོ་བས་པར་རིས་བརྩམས་ཆོས《བདེ་སྐྱིད་ལྡན་པའི་འཛུམ་མདངས》ལ་ལྟ་བཞིན་ཡོད་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གཡའ་དག་པའི་ནམ་མཁའི་འོག་རི་བོ་ཧི་མ་ལ་ཡ་བརྗིད་ཉམས་ལྷག་པར་ལྡན་ཞིང་། མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཞིག་ལྷ་ས་སྐྱིད་ཆུའི་ཟམ་ཆེན་བརྒྱུད་དལ་བུར་འགྲོ་བཞིན་ཡོད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དཔལ་ལྷ་གྲོང་རྡལ་དུ་སྨན་པས་ས་གནས་དེ་གའི་ནད་པར་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་འཇུ་ལག་རྫོང་འབྲུ་གུ་ཤང་སྟེ་གྱོ་གྲོང་ཚོར་བུད་མེད་རྣམས་སྒོར་གཞས་རྒྱག་གྲབས་ཡོད་པ། བོད་ལྗོངས་སྦྲ་ཆེན་རྫོང་སློབ་འབྲིང་དུ་ན་གཞོན་ཚོས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་ཡོད་པ། སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཡི་གྲོང་གསེབ་སློབ་ཆུང་དུ་དགེ་སློབ་ཚོས་རྒྱལ་དར་འོག་དྲན་རྟེན་འདྲ་པར་རྒྱག་བཞིན་ཡོད……
     ཚེས་16ཉིན། མཚོ་བོད་ས་མཐོའི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་གསར་པ་མཚོན་པའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན“གཡའ་དག་པའི་ནམ་མཁའ”ཀྲུང་གོ་རིག་རྩལ་མཁས་ཅན་གྱི་འགྲེམས་སྟོན་ཁང་དུ་འགོ་ཚུགས་ཤིང་། པར་རིས་101ལས་བོད་དང་ཞིང་ཆེན་བཞིའི་བོད་འབྲེལ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཕྱི་ཕྱོགས་སྒོ་དབྱེ། སྣོད་བཅུད་ལེགས་པ། ཆོས་ལུགས་ཞི་མཐུན་སོགས་ཐད་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད་པས། ལྟད་མོ་བ་ཚོར་མཚོ་བོད་ས་མཐོ་མི་སེམས་སུ་གཏིང་ཟབ་ཟུག་པའི་མྱོང་ཚོར་ཞིག་བྱུང་ཡོད།
     བྱེད་སྒོ་དེ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་པར་ལེན་མཁས་ཅན་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་པར་ལེན་སྒྱུ་རྩལ་ལྟེ་གནས་ཀྱིས་གཉེར་མཁན་ཁུར་ཡོད། འདི་ལོའི་ཟླ་7ཚེས་28ཉིན་ནས་ཟླ་8ཚེས་7ཉིན་བར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་པར་ལེན་མཐུན་ཚོགས་ཀྱིས་པར་ལེན་མཁས་ཅན་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་བོད་འབྲེལ་གྱི་ཀྲོའུ་དང་རྫོང་དུ“འཚོ་བར་ཟབ་འཇུག་དང་མི་དམངས་ཀྱི་ཁྲོད་དུ་བསྐྱོད་དེ”དམངས་གཞས་འཚོལ་བསྡུ་དང་གསར་རྩོམ་བྱེད་སྒོ་སྤེལ་ནས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་པའི་རྣམ་པ་གསར་པ་མང་པོ་ཞིག་པར་དུ་བླངས་ཡོད།
     ད་ཐེངས་ཀྱི་འཚོལ་བསྡུའི་གྲུབ་འབྲས་དང་འཚོལ་བསྡུ་བྱས་པའི་འབྲེལ་ཡོད་བརྩམས་ཆོས་དང་ཟུང་འབྲེལ་བྱས་ནས་གཙོ་གཉེར་ཕྱོགས་ཀྱིས་ད་ཐེངས་ཀྱི་འགྲེམས་སྟོན་ཇུས་འགོད་བྱས་པ་རེད། བརྩམས་ཆོས་དེ་དག“དངོས་བྲིས་དང་སྒྱུ་རྩལ་མཚོན་ཐབས”ཀྱི་རྣམ་པར་བརྟེན་ནས་མངོན་པར་བྱས་པ་སྟེ། ཉི་འོད་དང་སྦྲང་ཆར། སྔོ་ཞིང་དྭངས་བའི་རི་ཆུ། མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ། ས་གཞི་ཆེན་པོར་དྲི་ཞིམ་འཐུལ་བ་བཅས་ཕྱོགས་མང་པོའི་ཐད་ནས་མིག་སྔའི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་མངོན་པ་དང་། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་བསམ་བློ་གསར་འབྱེད་དང་། འཚོ་བ་འབྱོར་ཕྱུག བདེ་སྐྱིད་ཕུན་ཚོགས་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན་བཞིན་ཡོད་པ་རེད།
     གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་དོན། པར་རིས་འགྲེམས་སྟོན་དེ་ཟླ་10ཚེས་23ཉིན་བར་མུ་མཐུད་བྱ་རྒྱུ་རེད།