འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་19ཉིན།

༄༅༎བོད་ཀྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་17ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ■ 2019ལོའི་ལོ་མཇུག་བར་བོད་ཀྱི་རྫོང་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ། མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་ལོ་མཇུག་གི་སྒོར་1499ནས་2019ལོའི་སྒོར་9328བར་མང་དུ་ཕྱིན་པ།
     ■ བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལོ་བཞི་བསྟུད་མར་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་བཟང་བར”གཏན་འཁེལ་བྱས་པ་དང་། ཕྱོགས་གསུམ་པའི་ཚོད་སྐོར་བྱས་པ་བརྒྱུད་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་མང་ཚོགས་བློ་ཡིད་ཚིམ་ཚད་99%ཡན་ཟིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཐིང་གིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2019ལོའི་ལོ་མཇུག་བར་བོད་ཀྱི་རྫོང་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ། མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་ལོ་མཇུག་གི་སྒོར་1499ནས་2019ལོའི་སྒོར་9328བར་མང་དུ་ཕྱིན་ཏེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོས་ཡོད།
     བོད་ནི་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཁྲོད་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་འབའ་ཞིག་དེ་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་ཚུགས་པའི་སྐབས་རྒྱལ་ཡོངས་ནས་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་པོའི་ཚད་གཞི་ཟབ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་གནད་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་ཀྱང་རེད། དེར་བརྟེན་ཏང་ཀྲུང་དབྱང་གིས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་བཟོས་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འབུངས་ཆེར་བསྐྱེད་བྱས་ཏེ་གངས་ལྗོངས་ས་མཐོའི་ལོ་ངོ་སྟོང་ཕྲག་རིང་གི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། 2016ལོ་ཚུན་དུ། བོད་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་398.9བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁག་2984ལག་བསྟར་བྱས་ཏེ་མི་འབོར་དབུལ་པོ་ཁྲི་23.8དབུལ་སྒྲོལ་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་དེ་ལས་ཕན་པ་ཐོབ་པའི་མང་ཚོགས་མི་ཁྲི་84ལྷག་ཙམ་ཟིན་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ(བྱ་ཡུལ)965བསྐྲུན་ནས་མི་ཁྲི་26.6གནས་སྤོ་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་ཁྲི་11མ་མཐའི་འཚོ་བའི་འགན་ལེན་གྱི་ཐ་སྐྱོང་ནང་བཅུག་ནས་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱས་པ་དང་མི་འབོར་དབུལ་པོ་ཚང་མ་སྨན་བཅོས་འགན་སྲུང་བྱེད་ཁོངས་སུ་བཅུག་ནས“ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་རང་ལོག”གི་མི་འབོར་སྒུལ་རྣམ་ཐོག་ནས་གཙང་སེལ་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་ཉེན་ཡོད་སྡོད་ཁང་ཁྲི་4.36ལ་གྲལ་བཤེར་དང་སྒྱུར་བཀོད་བྱས་ཏེ་ལྗོངས་ཡོངས་ཀྱི་མང་ཚོགས་དབུལ་པོའི་ཉེན་ཡོད་སྡོད་ཁང་གཙང་སེལ་བྱས་ཡོད།
     བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལོ་བཞི་བསྟུད་མར་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་བཟང་བར”གཏན་འཁེལ་བྱས་པ་དང་། ཕྱོགས་གསུམ་པའི་ཚོད་སྐོར་བརྒྱུད་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་མང་ཚོགས་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད། ལོ་གཅིག་གོང་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་མཚོ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་ནས་གོང་དཀར་རྫོང་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པའི་བགྲེས་སོང་ནོར་ཟླ་བས། ཏང་གི་སྲིད་ཇུས་བཟང་པོའི་འོག་ང་དང་ནང་མི་མཐོ་གྲང་གསོ་རླུང་དཀོན་པའི་ཡུལ་ནས་ཁ་བྲལ་ཏེ་དེ་གར་སྤོས་པ་ཡིན། “མི་ཚེ་ཕྱེད་ཀ་ལྷག་ཙམ་འདས་རྗེས་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང”ཞེས་བརྗོད་པ་རེད།
     བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་ནི་དབུལ་སྐྱོར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་བོད་དུ་ནུས་ལྡན་ངང་མངོན་པ། ཏང་གི་མི་རིགས་སྲིད་ཇུས་བོད་དུ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་བཅས་རེད་ཅེས་གསུངས་པ་རེད།
     དབུལ་པོ་དབུལ་རྐྱང་མེད་པ་བཟོས་རྗེས། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ་ཕྱོགས་ཡོངས་སྲ་བརྟན་མཐོར་གཏོང་གི་དུས་མཚམས་སུ་སླེབས་རྒྱུ་ཡིན་པས་ད་ལྟའི་རོགས་སྐྱོར་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་མི་འགྱུར་བ་དང་། སྲིད་ཇུས་མཚམས་མི་ཆད་པ། སྤེལ་ཤུགས་མི་ཉམས་པ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དབུལ་སྒྲོལ་མང་ཚོགས་དབུལ་པོ་བསྐྱར་ལོག་མ་ཐེབས་པའི་འགན་ལེན་བྱ་རྒྱུ་རེད།