འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་19ཉིན།

༄༅༎གཙང་གསུམ་ཆུ་འགོ་སྟེ། རྒྱལ་ཁབ་སྤྱི་གླིང་གི་འཕེལ་རྒྱས་བདེན་དཔང་བ།

—— ཆུ་ཕྲན་ཐམས་ཅད་གཅིག་ཏུ་བསྡུས་པ་ལས་གཙང་པོ་དང་ཆུ་ཆེན་ཆགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་17ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     སྟོན་འགོར་ཉི་མའི་འོད་ཟེར་རབ་ཏུ་འཚེར།
     ས་བབ་མཐོ་ཚད་སྨི་6621ཟིན་པའི་སྐུ་ལྷ་དར་མདུང་གངས་རིའི་གཤམ་དུ་འཁྱགས་པའི་མཆོད་རྟེན་དང་། འཁྱགས་ཟམ་ལ་སོགས་བཟོ་དབྱིབས་སྣ་ཚོགས་ཆགས་པ་དེ་དག་ཆུ་ཤེལ་གྱི་ཕོ་བྲང་དང་གཉིས་སུ་མ་མཆིས། དེ་གར་ནི་སྤྱང་རྒན་དི་རུ་འཁྱགས་རོམ་ཡིན་ལ་འབྲི་ཆུའི་ཆུ་འགོ་སྟེ་ཐོག་ཐོན་གཙང་པོའི་ཆུ་འགོའང་རེད།
     འབྲི་ཆུའི་ཆུ་འགོ་ནི་ཧ་ཅང་ཡངས་ཞེས་བརྗོད་ན་མི་འཚམ་པ་ཅི་ཡང་མེད། བརྗིད་ཆགས་ཉམས་ལྡན་གྱི་ཁུ་ནུ་རི་བོའི་རྒྱུད་དང་གདང་ལ་རི་བོའི་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་ཆུ་འགོའི་ཁུལ་དེ་ནི་མཚོ་སྔོན་འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་གི་སྲིད་འཛིན་གྲོང་ཚོ་15ཡི་མི་21143དང་འབྲེལ་བ་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་9.03ཟིན་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་73.35%བཟུང་ཡོད།
     སྲུང་སྐྱོང་ས་ཚིགས་གཅིག་དང“གསོ་ཚགས་པ”གཅིག
     འབྲི་ཆུའི་ཆུ་འགོའི་ངོ་མཚར་ཆེ་བའི་རི་བོའི་ངོགས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4888.1ཡན་ཟིན་པའི་ཁུ་ཁུ་ཤི་རི་ནི་རྒྱལ་ཡོངས་ཀྱི་མི་མེད་ལུང་སྟོང་ཁུལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་མ་གཞི་མི་མཐོང་དཀོན་མོད། འོན་ཀྱང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སུམ་རྩེན་གནས་ལྟ་བུ་ཡིན།
     “2006ལོར་ས་ཚིགས་སུ་ལས་ཀར་ཡོང་མ་ཐག་གི་སྐབས་ཡུལ་སྐོར་བ་ཚང་མས་དེ་གར་གཙོད་མཐོང་རྒྱུ་མེད་པ་གང་ཡིན་ནམ་ཞེས་འདྲི་གི་འདུག ད་ཆ་ཚང་མས་རང་ཉིད་ཀྱིས་ལམ་འགྲམ་ནས་པར་བརྒྱབ་པའི་འདྲ་པར་ཁྱེར་ནས་ངེད་ཚོར་དེ་ནི་གཙོད་རེད་དམ། སྲོག་ཆགས་དེ་གང་ཡིན་ནམ་ཞེས་འདྲི་གི་འདུག”ཅེས་ཁུ་ཁུ་ཤི་རིའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་ལྷུན་གྲུབ་ཚེ་རྒྱལ་གྱིས་བཤད་པ་དང་། ཁོང་ལོ་31ལ་སླེབས་མ་ཐག་ཡིན་མོད། སྲུང་སྐྱོང་ས་ཚིགས་སུ་ལས་ཀ་བྱས་ཏེ་ལོ་14སོང་བ་དང་སྲུང་སྐྱོང་ས་ཚིགས་ཀྱི་དེ་སྔའི་ལོ་རྒྱུས་ནས་ད་ལྟའི་རི་སྐོར་དང་གཙོད་སྲུང་སྐྱོང་སོགས་ལས་དོན་ཚང་མར་ལྷུན་གྲུབ་ཚེ་རྒྱལ་གྱིས་རྒྱུས་མངའ་ཆེན་པོ་ལོན་ཡོད།
     བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཞེས་པ་ནི་དུས་རབས་གོང་མའི་ལོ་རབས་90པར་གཙོད་སྲུང་སྐྱོང་བྱ་ཆེད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་བསོད་ནམས་དར་རྒྱས་ཀྱི་མིང་ལས་བྱུང་ཞིང་། ལོ་དེ་དག་རིང་ཁུ་ཁུ་ཤི་རིའི་གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་ཉུང་ཤོས་སྐབས་ཁྲི་2ཡང་མ་ཟིན་པ་ལས་ད་ཆའི་ཁྲི་7ལྷག་ཙམ་བར་མང་དུ་ཕྱིན་པ་དང་གཙོད་སྲུང་སྐྱོང་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་ལས་འགན་ཞིག་རེད།
     སྐོར་སྲུང་བ་མི་རབས་ནས་མི་རབས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། 2006ལོ་ནས་བཟུང་ཁུ་ཁུ་ཤི་རིར་རྐུ་རྔོན་གྱི་མེ་མདའི་སྒྲ་གྲགས་མྱོང་མེད་ཅིང་། དེ་ལྟར་ཡིན་རུང་སྐོར་སྲུང་རུ་མིའི་ལས་ཀར་སྔར་བཞིན་ཉེན་ཁ་ཧ་ཅང་ཆེན་པོ་ལྡན་ཡོད།
     སྲུང་སྐྱོང་ས་ཚིགས་ཀྱི་དྲིལ་བསྒྲགས་སློབ་གསོའི་འགྲེམས་ཁང་དུ་རུ་མི་མི་ཉུང་བ་ཞིག་རི་སྐོར་དུ་སྐྱོད་སྐབས་ཀྱི་འདྲ་པར་འབྱར་བ་དང་དེའི་ནང་ཕལ་ཆེ་བ་ནི་རླངས་འཁོར་འབུད་པ་དང་། རླངས་འཁོར་འདེགས་པ། རླངས་འཁོར་བཟོ་བ་བཅས་ཀྱི་པར་རིས་རེད། ལྷུན་གྲུབ་ཚེ་རྒྱལ་གྱིས་གསར་འགོད་པར་ཁུ་ཁུ་ཤི་རིར་རི་སྐོར་རྒྱག་སྐབས་དཀའ་ངལ་ཆེ་ཤོས་ནི་ལམ་ཡིན་པ་དང“རི་ཁྲོད་དུ་ལམ་བུ་མེད་རྐྱེན་རི་སྐོར་རྒྱག་པའི་ལམ་བར་རྟག་ཏུ་རླངས་འཁོར་སར་དིམ་པ་དང་། སྐབས་རེ་གཏིང་རིང་པོ་དིམ་རྐྱེན་འཁོར་འོག་ཏུ་བྱེ་ཕད་འདིང་དགོས་པ་མ་ཟད་ཐ་ན་ངེད་ཚོས་འཁྱེར་བའི་སྦྲ་གུར་དང་རང་ཉིད་ཀྱི་སྟོད་གོས་ཀྱང་མཉམ་དུ་འདིང་དགོས་ཀྱི་ཡོད”ཅེས་བཤད།
     “འོན་ཀྱང་དེ་གར་སྐྱིད་སྣང་ལྡན་པའི་དུས་མེད་པ་མ་ཡིན”ལྷུན་གྲུབ་ཚེ་རྒྱལ་གྱིས་གསར་འགོད་པར་ཁུ་ཁུ་ཤི་རིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་ཀྱང་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་གནས་པ་དང་རྨས་ནས་ཁྱུ་ཚོགས་ཀྱི་རྗེས་སུ་ལུས་པའི་རི་སྐྱེས་སྲོག་ཆགས་སྐྱོབ་རོགས་བྱ་རྒྱུ་དེའང་སྲུང་སྐྱོང་རུ་མིའི་རྒྱུན་གཏན་གྱི་ལས་དོན་གྲས་ཤིག་རེད།
     བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རུ་མིས་གཙོད་བརྒྱ་ལྷག་ཙམ་སྐྱོབ་རོགས་བྱས་པ་དང་གཞན་ཡང་ད་དུང་རྨས་པའམ་ཡང་ན་ལམ་ནོར་ཤོར་བའི་འབྲོང་དང་རྐྱང་ལ་སོགས་བསྐྱབས་ཡོད་པ་རེད།
     སྦྱར་སྡོང་གཅིག་དང་སློབ་ཆུང་གཅིག
     མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་གི་སྒོ་ར་ཆུང་ཆུང་ཞིག་ནང་སྦྱར་སྐྱ་གཅིག་ཡོད་ཅིང་། གསར་འགོད་པ་སྒོ་རའི་ནང་སླེབས་སྐབས་ཉིན་དགུང་ཡིན་པ་དང་སྦྱར་སྡོང་འོག་ལངས་སྐབས་ལོ་མ་སྟུག་པོས་ཉི་ཟེར་བསྒྲིབས་ནས་རེ་ཞིག་དྭངས་བསིལ་གྱི་ཚོར་སྣང་ཞིག་སྦྱིན། སྦྱར་སྡོང་དེ་ནི་འབྲི་སྟོད་རྫོང་གིས་མི་ཐབས་ལ་བརྟེན་ནས་བཏབ་སྟེ་གསོན་པའི་སྦྱར་སྡོང་དང་པོ་དེ་ཡིན་ཞིང་། སྒོ་ར་ཆུང་ཆུང་དེ་ནི་བསོད་ནམས་དར་རྒྱས་ཀྱི་སྡོད་གནས་རྙིང་པ་རེད།
     སྐབས་དེ་དུས་བསོད་ནམས་དར་རྒྱས་ཀྱིས་ཡིད་ཆེས་དེ་ཙམ་མེད་པའི་ངང་ས་གནས་དེར་ཤིང་སོན་མེད་སྟབས་ཁྲི་འདུ་རྫོང་ནས་སྤོ་འཛུགས་བྱས་ཤིང་། དྲོད་ཚད་དམའ་བའི་དབང་གིས་ཤིང་སོན་འཁྱགས་པ་ཐེབས་ཀྱི་ཡོད་སྟབས་དྲོད་ཁང་ཆེན་པོ་ཞིག་བསྐྲུན་ནས་གྲང་འགོག་བྱས་པ་རེད། ལོ་ངོ་30ནི་ཡུད་ཙམ་ལ་འདས་པ་དང་ད་ཆ་སྦྱར་སྐྱའི་འཚར་ཚད་དེ་དྲོད་ཁང་ཆེ་མོ་དེ་ལས་མཐོ་བ་དང་གྲང་རླུང་ལྷབ་ལྷུབ་ཏུ་ལྡང་ཡང་དེའི་རྩ་བར་གཡོ་འགུལ་ཐེབས་ཀྱི་མེད། དེས་ན་ཡུལ་དེར་སྐད་གྲགས་ཆེ་ཙམ་ཡོད་པའི་ལྟ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་བ་དང་སློབ་མ་དང་། གྲོང་མི། ཡུལ་སྐོར་བ་ལ་སོགས་ཚང་མས་དེ་གར་དཔའ་བོར་དྲན་གསོ་ཞུ་ཞིང་། སྦྱར་སྐྱ་དེ་དང་། ཁང་པ་དེ། འགྱུར་བ་གང་ཡང་མེད་པའི་སྒྲིག་བཀོད་བཅས་ལས་སྔོན་བྱོན་མེས་པོས་སྣོད་བཅུད་སྲུང་སྐྱོང་དང་ལྗང་མདོག་འདེབས་འཛུགས་བྱེད་པའི་སྤྲོ་སེམས་དང་ཆོད་སེམས་མྱོང་ཚོར་ཐུབ་ཀྱི་ཡོད།
     དེ་གར་ལྟ་སྐོར་དུ་ཡོང་མཁན་གྲས་སུ་ད་དུང་ཉེ་འགྲམ་གྱི་སྐྱིད་དགའ་སློབ་ཆུང་ནས་ཡིན་པའི་སློབ་ཕྲུག་ཁྱུ་གཅིག་ཀྱང་ཡོད་པ་རེད།
     སྒོ་ར་ནས་དོན་ཏེ་རླངས་འཁོར་བཏང་ནས་ལྷོ་རྒྱུད་དུ་སྐར་མ་10ཙམ་བསྐྱོད་ཚེ་སྐྱིད་དགའ་སློབ་ཆུང་དུ་སླེབས་པ་དང་ཞག་སྡོད་སློབ་ཆུང་དེར་འགྲོ་མུས་ཀྱི་སློབ་ཕྲུག་700ལྷག་ཙམ་ཡོད་པ་དེ་དག་གཙོ་བོ་འབྲི་སྟོད་རྫོང་གི་འབྲོག་པའི་བུ་ཕྲུག་ཡིན་ཞིང་། རྒྱུན་གཏན་གྱི་སློབ་སྦྱོང་ཕུད་དེ་གའི་ཕྲུ་གུ་ཚོར་ད་དུང་དམིགས་བསལ་སློབ་ཚན་ཞིག་ཡོད་པ་དེ་ནི་སྣོད་བཅུད་ཀུན་སྤྱོད་སློབ་གསོའི་སློབ་ཚན་ཡིན་པ་དང་དེ་ནི་སློབ་ཁང་ནང་དུའམ་ཡང་ན་རི་ཆུའི་བར་དུ་ཚོཌ་བཞིན་ཡོད།
     སློབ་གྲྭའི་ནང་གི་ཆེད་མངགས་བཀོད་སྒྲིག་བྱས་པའི་སྣོད་བཅུད་སློབ་ཁང་དུ་བསྐྱོད་སྐབས་སློབ་ཕྲུག་ཚོས་བེད་མེད་རྙིང་ཧྲུལ་གྱི་དངོས་པོ་ལས་བཟོས་པའི་ལག་ཤེས་སྒྱུ་རྩལ་ཐོན་ཟོག་ཆུང་གྲས་ཤེལ་སྒྲོམ་ནང་བསྒྲིགས་པ་དང་། གྱང་ངོས་སུ་གཙང་གསུམ་ཆུ་འགོའི་ངོ་མཚར་ཆེ་བའི་རི་བོ་དང་ལྟ་ན་སྡུག་པའི་ཆུ་ཕྲན་གྱི་པར་རིས་ཡོད་ལ་ས་མཐོའི་ཐུན་མོང་མ་ཡིན་པའི་མེ་ཏོག་དང་རི་དྭགས་ཀྱི་པར་རིས་ཀྱང་ཡོད་པ་རེད།
     “ངེད་ཚོའི་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པས་སློབ་ཕྲུག་ཚོས་ཉན་སྤྲོ་བ་དང་ངེད་ཚོ་སོ་སོར་ཡང་གྲུབ་འབྲས་ཐོབ་སྣང་ཞིག་འདུག”ཅེས་རྒན་ནོར་བུས་གསར་འགོད་པར་བཤད་པ་དང་། སློབ་ཁང་ནང་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྲིད་པ་དང་ཕྱི་རོལ་དུ་མཛེས་སྡུག་ལྡན་པའི་རི་ཆུ་མྱོང་རོལ་དང་འདབ་ཆགས་དང་རི་དྭགས་ལ་ལྟ་སྐོར་བྱེད་པ་ལ་སོགས་རྣམ་པ་སྣ་ཚོགས་ཡོད་ཅེས་བཤད།
     དབུལ་སྐྱོར་འཁོར་ཁང་གཅིག་དང་ལས་ཞུགས་བྱེད་ཐེངས་གཉིས།
     འབྲི་སྟོད་རྫོང་ཐོན་ལས་གླིང་དབུལ་སྐྱོར་འཁོར་ཁང་གི་དགའ་བརྒྱ་ལོ་འགྲོ་ཕན་གྱོན་གོས་ལས་སྣོན་ཚད་ཡོད་ཀུང་སིའི་བཟོ་ཁང་ནང་རི་བདེས་འཚེམ་འཁོར་གྱི་འགྲམ་དུ་བྲེལ་བཞིན་མཆིས། ལོ་ཁ་ཤས་ཀྱི་གོང་ལ་མི་རབས་ནས་མི་རབས་བར་ཕྱུགས་ཟོག་འཚོ་བའི་ཁོང་འབྲོག་ཁུལ་ནས་ཐོན་ནས་བཟོ་གྲྭར་ལས་ཀ་བྱེད་ཐུབ་པ་དེ་རི་བདེའི་སེམས་ལའང་འཁོར་མྱོང་རེད།
     དེ་དུས་རི་བདེ་ད་དུང་ཟོ་སྐྱ་ཤང་འདམ་ཆུ་གྲོང་ཚོར་ཡོད་ཅིང་། “ཕྱུགས་ཟོག་འཚོ་བ་ནི་གནམ་ལ་བརྟེན་ནས་འཚོ་བ་ཞིག་ཡིན་མོད། འོན་ཀྱང་རྗེས་སུ་སྤང་ཇེ་ཉུང་དུ་ཕྱིན་པ་དང་ཨ་བྲ་ཇེ་མང་དུ་སོང་བས་ནོར་ལུག་ལའང་ཤུགས་རྐྱེན་ཐེབས་པ་དང་། དེའི་ཁར་ངའི་རྐང་པར་སྐྱོན་ཡོད་པས་ཁྱིམ་གྱི་འཚོ་བ་དཀའ་ངལ་ཇེ་ཆེར་ཕྱིན་སོང”
     2017ལོར་གོ་སྐབས་ཐེངས་དང་པོ་རག་པ་སྟེ། ལོ་དེར་རི་བདེའི་ཁྱིམ་མི་འབྲི་སྟོད་རྫོང་དུ་གནས་སྤོས་ནས་སྣོད་བཅུད་བདག་སྐྱོང་བ་ཞིག་ཏུ་གྱུར། དེ་ནས་བཟུང་རི་བདེས་རྩྭ་ཐང་གི་སྒྲིག་བཀོད་དང་ཁོར་ཡུག་འཕྲོད་བསྟེན་སོགས་ལ་དུས་བཀག་ལྟར་སྐོར་སྲུང་བྱེད་པ་དང་ཆབས་ཅིག རྡོ་དང་བྱེ་མ་སྔོག་པ་སོགས་ཀྱི་བྱེད་སྤྱོད་བཀག་འགོག་དང་སྙན་ཞུ་ཕུལ་བ་སོགས་ཀྱི་ལས་ཀ་བྱས་ཤིང་། དེ་ནས་བཟུང་རི་བདེར་ཟླ་རེར་སྒོར་1800ཡི་ཡོང་འབབ་བརྟན་པོ་བྱུང་བ་རེད།
     2019ལོའི་ཟླ་4པར་དུད་ཚང་དབུལ་པོ་ཡིན་པའི་རི་བདེས་འཁོར་ཁང་དུ་ལས་ཀ་བྱས་ནས་ཁོང་ལ་གོ་སྐབས་ཐེངས་གཉིས་པ་རག
     “ད་ཆ། ང་ལ་ཟླ་རེར་སྒོར་1500ལྷག་ཙམ་གྱི་གླ་ཆ་ཡོད་པའི་ཁར་ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད་པ་དང་། སྣོད་བཅུད་བདག་སྐྱོང་ལས་ཀ་དེ་གཙོ་བོ་བཟའ་ཟླས་འགན་འཁུར་གྱི་ཡོད་ལ། ཟླ་རེར་སྒོར་1800ཡོད”“དེ་སྔོན་གྱི་འཚོ་བ་ནི་གནམ་ཆུ་སྒུག་དགོས་པས་ཉིན་མ་གང་འཁྱོལ་བྱེད་པ་ཙམ་ཡིན། ད་ཆ་རང་ཉིད་ལ་བརྟེན་ནས་འཚོ་བ་ཇེ་ཡག་ཏུ་སོང་བས་ད་དུང་དེ་བས་སྐྱིད་པོ་སྐྱེལ་འདོད་འདུག”ཅེས་རི་བདེས་བཤད།
     རི་བདེའི་འཚོ་བ་གསར་པ་དེའང་འབྲི་ཆུའི་ཆུ་འགོའི་འབྲོག་པ་མང་པོའི་འཚོ་བའི་བསྡུས་རིས་ཤིག་རེད།
     2016ལོའི་ཟླ་6པར། འབྲི་ཆུའི་ཆུ་འགོའི(ཁུ་ཁུ་ཤི་རི)གླིང་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ལྷན་བཙུགས་རྗེས་དོ་དམ་ཨུ་ལྷན་གྱིས“དུད་ཚང་རེ་ལ་ལས་གནས་རེའི”སྣོད་བཅུད་བདག་སྐྱོང་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་ཏེ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྱོན་6914བཀོད་སྒྲིག་བྱས་ནས་འབྲི་སྟོད་རྫོང་གི་གླིང་དུ་ཟོ་སྐྱ་ཤང་དང་བྲག་དཀར་ཤང་། ཆུ་དམར་ལེབ་རྫོང་གི་ཆུ་དམར་ཤང་དང་གཡུ་སྐེ་ཤང་བཅས་ཀྱི་དུད་ཚང་དབུལ་པོའི“དུད་ཚང་རེར་ལས་གནས་རེ”ཡོངས་ཁྱབ་ཐུབ་པ་དང་། 2019ལོར་བདག་སྐྱོང་བར་གླ་ཆའི་ཐོབ་ཆ་བསྡོམས་སྒོར་ཁྲི་14934.24སྤྲད་པ་རེད།
     དབུལ་སྐྱོར་འཁོར་ཁང་ནས་ཁ་བྲལ་རྗེས། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མུ་མཐུད་ཆུ་དམར་ལེབ་རྫོང་གི་ཕྱོགས་སུ་བསྐྱོད་པ་དང་། ལམ་བར་དུ་ཉི་འོད་རབ་ཏུ་འཚེར་བ་དང་སྔོ་ལྗང་ལྗོན་པས་ཁེངས། ས་གནས་དེ་གའི་ཁ་ལོ་བས་གསར་འགོད་པར་ལམ་འགྲམ་གྱི་ལྗང་མདོག་དེ་དག་ལོ་ཁ་ཤས་ཀྱི་སྔོན་ལ་ས་ནག་གྲམ་ཐང་ཡིན་མོད། “ད་ཆ་ནི་སྔོན་ཆད་དང་མི་འདྲ་བར་ས་ནག་གྲམ་ཐང་དེ་དག་སྔོ་ཐིང་ཐིང་དུ་གྱུར་ནས་མཛེས་ལྗོངས་ལྟ་ན་སྡུག་ཅིང་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད།