འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་17ཉིན།

༄༅༎བོད་ཀྱིས་དུས་ཡུན་ལོ་8རིང་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་རིགས་150ལྷག་ཙམ་མཐིལ་རྟོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་14ཉིན་གློག་འཕྲིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གསར་འགོད་པར“བོད་རང་སྐྱོང་ལྗོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པའི་གྲུབ་འབྲས་ཞིབ་བཤེར་རྩིས་ལེན་དང་གསལ་འབྱེད་ཚོགས་འདུའི”ཐོག་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་དུས་ཡུན་ལོ་8རིང་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པ་ལེགས་གྲུབ་བྱས་པ་ལས། སྐམ་སའི་རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་གལ་ཆེན་རིགས་150ལྷག་ཙམ་གྱི་རིགས་དང་། གྲངས་འབོར། ཁྱབ་ཁུལ། འཚོ་གནས་ཁོར་ཡུག སྲུང་སྐྱོབ་བདག་སྐྱོང་བཅས་ཀྱི་གནས་ཚུལ་ཁོང་དུ་ཆུད་ནས། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐམ་སའི་རི་སྐྱེས་སྲོག་ཆགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྟོང་ཆ་བསྐངས་ཡོད།
     འཛམ་གླིང་གི་ཡང་རྩེར་གནས་པའི་བོད་ནི་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི། མཐོ་གྲང་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ཀྱི་བང་མཛོད་བཅས་གལ་ཆེན་ཞིག་ཡིན་པས་སྣོད་བཅུད་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་ཧྲི་ལིའུ་ཝུའུ་ལིན་གྱིས། ད་རེས་རི་སྐྱེས་སྲོག་ཆགས་དང་དེ་བཞིན་དེ་དག་འཚོ་སྡོད་ཁུལ་གྱི་ཐོན་ཁུངས་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན། དཔྱད་དཔོག་བཅས་བྱས་པ་བརྒྱུད་རི་སྐྱེས་སྲོག་ཆགས་དང་དེ་དག་གི་འཚོ་སྡོད་ཁུལ་སྲུང་སྐྱོང་བྱེད་པར་རྨང་གཞིའི་གྲངས་གཞི་མཁོ་འདོན་ཐུབ་ནས། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ཇུས་གཞི་བཟོ་བ་དང་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་བཟོ་བ་དང་ལེགས་སྒྲིག་བྱེད་པར་གཞི་འཛིན་ས་མཁོ་འདོན་ཐུབ་ཡོད།
     ད་རེས་ཀྱི་བརྟག་དཔྱད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། འོ་འཐུང་སྲོག་ཆགས་ཆེ་གྲས་སྤྲེའུ་འགྲམ་དཀར་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་རྫ་ཡུལ་གྱི་སྦལ་པ་སོགས་རིགས་གསར་པ་ཤེས་རྟོགས་བྱུང་བ་དང་འབྲེལ་མིང་ཡང་བཏགས་པ་ལས། བོད་དུ་ཁྱབ་པའི་ཟིན་ཐོ་གསར་པའི་སྲོག་ཆགས་ཀྱི་རིགས་ཁག་གཅིག་ཤེས་རྟོགས་བྱུང་ཡོད། གཞན་ཡང་བརྟག་དཔྱད་བྱེད་རིང་སྲོག་ཆགས་འབོར་ཆེན་གྱི་རྩ་ཆེའི་བརྙན་པར་དཔྱད་ཡིག་པར་ལེན་ཐུབ་པ་སྟེ། དམར་ཕྱིའི་པར་ཆས་སྤྱད་པ་ལས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཏེ། གཟིག་ཁྲ་ཐིག་ཅན་ཐོག་མར་གསལ་པོར་པར་ལེན་ཐུབ་པ་དང་། ཆབ་མདོ་དང་། ཉིང་ཁྲི། ནག་ཆུ། མངའ་རིས་སོགས་ས་ཆ་མང་པོ་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གསའ་ལ་པར་ལེན་ཐུབ་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྟག་དཔྱད་བྱེད་པའི་སྔ་རྗེས་སུ་ཆེད་ལས་མི་སྣ་900ལྷག་ཙམ་ཞུགས་པ་དང་། བརྟག་དཔྱད་མ་དཔེ་ཁུལ་260བཙུགས་པ། རིམ་རྩིས་བྱས་ན་བརྟག་དཔྱད་མ་དཔེའི་སྤྱིའི་རིང་ཚད་སྟོང་སྨི་13390ལེགས་གྲུབ་བྱས་པ། སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་བཅུ་ཕྲག་ཁ་ཤས་ཡོད་པ། དངོས་སུ་བརྟག་དཔྱད་བྱེད་ཁྱོན་སྤྱི་ལེ་ངོས་གྲུ་6346ཟིན་ཡོད། “བོད་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་རི་མཐོ་གཡང་གཟར་དང་ལུང་ཁུག་ཏུ་ཁྱབ་པའི་གནས་ཚུལ་དངོས་ལ་གཞིགས་ཏེ། ང་ཚོས་བརྟག་དཔྱད་བྱེད་སྐབས་མི་མེད་གནམ་གྲུ་དང་། དམར་ཕྱིའི་པར་ཆས། དེང་རབས་རྒྱང་ཚོར་ལག་རྩལ་སོགས་སྔོན་ཐོན་བྱེད་ཐབས་གང་ལེགས་སྤྱད་དེ། རིམ་རྩིས་བྱས་ན་1600GBཡི་བརྙན་པར་གྲངས་གཞི་པར་ལེན་བྱས་པ་དང་དམར་ཕྱིའི་པར་ཆས་ཀྱིས་བླངས་པའི་པར་ཁྲི་100ལྷག་ཙམ་གསལ་འབྱེད་བྱས་པ་དེས་སྔོན་ཆད་ཀྱི་དཔྱད་གཞིའི་སྟོང་ཆ་བསྐངས་ཡོད” ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཛོམས་དགའ་ཡིས་བཤད།
     བརྟག་དཔྱད་བྱས་འབྲས་ལ་གཞིགས་ཏེ། བོད་ཀྱིས《རྒྱལ་ཡོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་བརྟག་དཔྱད་སྙན་ཞུ》དང་། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཁྱབ་ཡུལ་དཔེ་རིས》སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཆ་འཕྲིན་མ་ལག་གི་གྲངས་གཞིའི་མཛོད་སོགས་བཟོ་རྒྱུ་ལེགས་གྲུབ་བྱུང་ནས་བོད་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།