འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་17ཉིན།

༄༅༎ཚ་འདམ་གཤོང་སའི་འདྲེ་ཚེར་མ་བྲིན་ཁ་རྒྱུག་པ།

—— གོར་མོའི་འདྲེ་ཚེར་མ་ཉོ་ཚོང་ལྟེ་གནས་ཀྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་16ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “ང་ཚོའི་འདྲེ་ཚེར་མ་ཆེ་ལ་མདོག་དམར་བ་དང་ཞིང་སྨན་རྒྱག་གི་མེད་པས་ཧ་ཅང་ཞིམ་པོ་ཡོད”ཅེས་ཚོང་པ་མཱ་ཅི་ཧྭ་ཡིས་ཧྲན་ཏུང་དང་ཉིང་ཞ་སོགས་ནས་ཡོང་བའི་ཚོང་ཤག་ལ་དེ་ལྟར་བརྗོད་དེ་འདྲེ་ཚེར་མ་འགྲེམ་ཚོང་བྱས།
     “ངེད་ཚང་གི་འདྲེ་ཚེར་མ་གཟའ་འཁོར་གཅིག་ཀྱང་མ་འགོར་བར་བཙོངས་ཚར་སོང་། ངས་སླད་ཕྱིན་རྟག་པར་ལྟེ་གནས་སུ་བསྡད་དེ་མཉམ་ལས་ཁང་གི་ཡུལ་མི་སྤུན་ཟླ་ཚོར་འདྲེ་ཚེར་མ་འཚོང་རོགས་བྱ་རྒྱུའི་ཐག་བཅད་པ་ཡིན”ཞེས་མཱ་ཅི་ཧྭ་ཡིས་དེ་ལྟར་བཤད། ན་ནིང་འདྲེ་ཚེར་མ་འཚོང་མ་ཐུབ་པར་ཟས་ཀྱི་བཅུད་དང་ཉལ་བའི་གཉིད་ལས་བྲལ་བའི་ཕོ་གཞོན་དེས་ད་ལོ་ཁོང་ཚོའི་ཁྱིམ་གྱི་འདྲེ་ཚེར་མ་སྔ་ས་ནས་བཙོངས་ཚར་བ་མ་ཟད། ད་དུང་ཡུལ་མི་སྤུན་ཟླ་ཚོར་འཚོང་རོགས་ཀྱང་མི་ཉུང་བ་ཞིག་བྱས་ཡོད།
     ཟླ་9ཚེས་29ཉིན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3ཟིན་པའི་གོར་མོ་གྲོང་ཁྱེར་འདྲེ་ཚེར་མ་ཉོ་ཚོང་ལྟེ་གནས་དངོས་སུ་སྒོ་ཕྱེ་ཡོད། ཉོ་ཚོང་ལྟེ་གནས་ཀྱི་སྤྱི་ཁྱབ་སྤྱི་གཉེར་སུན་ཁྲའོ་ཧུའེ་ཡིས་ངོ་སྤྲོད་བྱས་དོན། ལྟེ་གནས་སུ་ཞུགས་པའི་ཚོང་དུད་100ལྷག་ཙམ་ཟིན་པ་དང་ཉིན་ལྟར་ཆ་སྙོམས་འདྲེ་ཚེར་མ་ཏུན་6ཡས་མས་འཚོང་གི་ཡོད་པས། ཉིན་རེའི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་30ལྷག་ཟིན་གྱི་ཡོད། “ཉེ་འཁོར་གྱི་འདྲེ་ཚེར་མ་འདེབས་མཁན་ཚང་མས་འདི་གར་ཉོ་ཚོང་བྱེད་པར་ཡོང་གི་ཡོད་ལ། ཉེ་འཁོར་རྫོང་དང་གྲོང་ཁྱེར་ནས་ཡོང་མཁན་ཡང་སྔར་ལས་མང་དུ་འགྲོ་བཞིན་འདུག ད་དུང་འདྲེ་ཚེར་མ་ལས་སྣོན་ཞིབ་ཚགས་བྱེད་མཁན་གྱི་ཁེ་ལས་མི་ཉུང་བ་ཞིག་ཀྱང་ཉོ་ཚོང་ལྟེ་གནས་སུ་ཞུགས་ཡོད”ཅེས་སུན་ཁྲའོ་ཧུའེ་ཡིས་དེ་ལྟར་བཤད།
     མཚོ་སྔོན་རུའེ་ཡོན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀའོ་ལིང་གིས་འདྲེ་ཚེར་མ་ཉོ་འདོད་ཡོད་པའི་ཚོང་ཤག་གཅིག་ཕེབས་སྐྱེལ་ཞུས་ཟིན་ཙམ་ཡིན་ཞིང་། ཁོང་གིས“ང་ཚོས་གཙོ་བོ་འདྲེ་ཚེར་མ་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད། དཔེར་ན་འདྲེ་ཚེར་མ་ནག་པོའི་འཐུང་བྱ་དང་འདྲེ་ཚེར་མའི་སྦངས་ཁུ་སོགས་ལྟ་བུ་རེད། ཐོན་རྫས་ལ་ཁེ་བེད་བདག་ཐོབ་རེ་ཞུ་བྱས་ཟིན་ནས་ཁྲོམ་རར་འདོན་རྩིས་ཡོད། ཉོ་ཚོང་ལྟེ་གནས་འདིས་ང་ཚོར་ཉོ་ཚོང་འགྲེམས་སྟོན་གྱི་ལས་སྟེགས་ཤིག་མཁོ་འདོན་བྱས་བྱུང་། ཉེ་ལམ་ཚོང་ཤག་ཆེན་པོ་མང་པོ་ཞིག་གིས་ང་ཚོའི་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།
     “མ་གཞི་ང་ཚོས་ཕྱི་རྒྱལ་ལ་གཏོང་རྒྱུའི་རྩེར་སོན་འདྲེ་ཚེར་མའི་ཚོང་རྒྱག་གི་ཡོད། འདི་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས། ང་ཚོས་གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ནང་གི་ཁྲོམ་ར་རྒྱ་ཆེར་བཏང་བ་ཡིན། ཉོ་ཚོང་ལྟེ་གནས་སྒོ་ཕྱེ་རྗེས་རྒྱལ་ནང་གི་མངགས་ཐོ་དེ་བས་མང་དུ་འགྲོ་ངེས་རེད”ཅེས་འགྲེམས་སྟེགས་མདུན་དུ་ལས་བྲེལ་ཆེ་བའི་མཚོ་སྔོན་ཁུན་ཅི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀའོ་ཅིང་གིས་དེ་ལྟར་བཤད།
     གོར་མོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲུའུ་ཀྲང་གིས་ངོ་སྤྲོད་བྱས་དོན། མིག་སྔར་གོར་མོ་གྲོང་ཁྱེར་དུ་འདྲེ་ཚེར་མ་མུའུ་ཁྲི་10.2བཏབ་ཡོད་པ་དང་། འདྲེ་ཚེར་མའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་དཔེ་སྟོན་རྟེན་གཞི་མུའུ་ཁྲི་3ཟིན་པ། ཁས་ལེན་དཔང་འདོན་ཐོབ་པའི་སྐྱེ་ལྡན་འདྲེ་ཚེར་མ་མུའུ་ཁྲི་2.5བཏབ་ཡོད་པ་མ་ཟད། འདྲེ་ཚེར་མ་ལས་སྣོན་གྱི་ཁེ་ལས་ཀྱི་ལོའི་ལས་སྣོན་བྱེད་ནུས་ཏུན་5000ལྷག་ཟིན་ཡོད།
     “ཉོ་ཚོང་ལྟེ་གནས་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེས་ཡུལ་དེའི་འདྲེ་ཚེར་མའི་ཁྲོམ་ར་ཚད་ལྡན་ཅན་གྱི་གཉེར་སྐྱོང་ལ་སྐུལ་མ་ཐེབས་པ་མ་ཟད། ད་དུང་གོར་མོ་གྲོང་ཁྱེར་དང་ཐ་ན་ཚ་འདམ་གཤོང་ས་ཧྲིལ་པོའི་དེང་རབས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས‘ནོར་གཞོང’ནང་ལྗང་མདོག་རྒྱུ་ནོར་གྱིས་ཁེངས་པར་གྱུར་ཡོད”ཞེས་ཀྲུའུ་ཀྲང་གིས་དེ་ལྟར་བཤད།