འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་16ཉིན།

༄༅༎ཕྱི་འབྲེལ་པུས་རྒྱ་ཡངས་པའི་ཞི་བདེ་རྒྱ་མཚོ་ཉིད་ཨ་དམག་གི་དུག་རྫས་ཚོད་ལྟ་བྱེད་ས་དང་
གད་སྙིགས་འཕེན་སར་འགྱུར་མི་རུང་ཞེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་15ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་པར་སྐྲུན་བྱས་པའི《ཞི་བདེ་རྒྱ་མཚོར་དུག་སྐྱོན་བཏང་བ》ཞེས་པའི་ནང་ཨ་དམག་གིས་ཞི་བདེ་རྒྱ་མཚོར་འབག་བཙོག་ཚབས་ཆེན་བཟོས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་དམིགས་ནས། ཚེས་14ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་རྒྱ་ཡངས་པའི་ཞི་བདེ་རྒྱ་མཚོ་ཉིད་ཨ་དམག་གི་དུག་རྫས་ཚོད་ལྟ་བྱེད་ས་དང་གད་སྙིགས་འཕེན་སར་འགྱུར་མི་རུང་བ་དང་། ཨ་རིས་ཁོར་ཡུག་སྲུང་སྐྱོབ་ལ་ཁག་དཀྲི་བ་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་བྱས་ཉེས་བགྲང་གིས་མི་ལངས་པས། དེའི་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་བྱ་དགོས་ཞེས་བརྗོད། 
     དེ་ཉིན་གྱི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཉེ་དུས་ཨ་རིའི་མཐོ་རིམ་དཔོན་རིགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྲུང་གོའི་ཕྱོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་རྒྱུན་ཆད་མེད་པར་སྐྱོན་བརྗོད་བྱས་པ་རེད། འོན་ཀྱང་གནས་ཚུལ་ལ་གཞིགས་ན། ཉེ་ཆར་དབྱིན་ཇིའི་གསར་འགོད་པ་སྨི་ཆེར་གྱིས་དཔེ་སྐྲུན་བྱས་པའི་དེབ་གསར་པ《ཞི་བདེ་རྒྱ་མཚོར་དུག་སྐྱོན་བཏང་བ》ཞེས་པའི་ནང་ཨ་དམག་གིས་ཞི་བདེ་རྒྱ་མཚོར་འབག་བཙོག་ཚབས་ཆེན་བཟོས་པའི་གནས་ཚུལ་ཕྱིར་བསྒྲགས་ཡོད། དེབ་དེའི་ནང་ཨ་དམག་གིས་ལོ་བཅུ་གྲངས་ཁ་ཤས་རིང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་ཏུ་འབག་བཙོག་ཚབས་ཆེན་བཟོས་ཚུལ་འཁོད་ཡོད་ལ། འབག་བཙོག་འབྱུང་ཁུངས་ནང་འཕྲོ་ནུས་ལྡན་པའི་སྙིགས་རོ་དང་། དབང་རྩ་རང་བཞིན་གྱི་དུག་རྫས། མདོག་སེར་པོའི་ལོ་མ་ལྷུང་བའི་སྨན་རྫས་སོགས་རྫས་འགྱུར་མཚོན་ཆ་ཚུད་ཡོད། ཀྲུང་གོའི་ཕྱོགས་ནས་འདིའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར། 
     ཀྲའོ་ལི་ཅན་གྱིས། དཔེ་ཆའི་ནང་ཕྱིར་བསྒྲགས་པའི་གྱོད་དོན་ཞིག་ལས་མངོན་པ་ལྟར་ན། ཀོན་ཏའོ་གླིང་ཕྲན་དུ་སྡོད་པའི་ཨ་རིའི་དམག་མི་ཞིག་གིས་མདོག་སེར་པོའི་ལོ་མ་ལྷུང་བའི་སྨན་རྫས་གཏོར་བའི་བཀའ་རྒྱ་བསྒྲུབས་རྗེས་སྐྱི་པགས་ལ་གཉན་ཚད་རྒྱས་པ་དང་། རྗེས་སུ་ཁོ་ལ་ཕ་ཅིན་སིན་རྟགས་འདུས་པའི་ཁྲག་ཆད་རང་བཞིན་གྱི་སྙིང་ནད་ཕོག་པ་རེད། ཁོའི་བུ་མོར་ཡང་འབྲས་སྐྲན་བྱུང་། ཁོ་ཚོའི་གནས་ཚུལ་གྱིས་མི་རྣམས་ལ་གདུང་སེམས་སྐྱེས་སུ་བཅུག ། ཨ་དམག་གིས་བཟོས་པའི་འབག་བཙོག་དང་དུག་སྐྱོན་ཕོག་པའི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་མི་དམངས་ཀྱི་གནས་ཚུལ་ཙམ་ལས་ཀྱང་མི་རྣམས་ཀྱི་ཁོང་ཁྲོ་བསླངས། “རྒྱ་ཡངས་པའི་ཞི་བདེ་རྒྱ་མཚོ་ཉིད་ས་ཁུལ་དེའི་མི་དམངས་ཀྱི་བདེ་ཐང་གི་འཚོ་བ་སྐྱེལ་ཡུལ་ཞིག་ཏུ་འགྱུར་དགོས་པ་ལས། ཨ་དམག་གི་དུག་རྫས་ཚོད་ལྟ་བྱེད་ས་དང་གད་སྙིགས་འཕེན་སར་འགྱུར་མི་རུང”ཞེས་བརྗོད།
     ཀྲའོ་ལི་ཅན་གྱིས“སེམས་སྐྱོ་དོན་ཡང་ཞི་བདེ་རྒྱ་མཚོ་ཙམ་གྱིས་ག་ལ་ཚད”ཅེས་བརྗོད། ཨ་རིས་ཁོར་ཡུག་སྲུང་སྐྱོབ་ལ་ཁག་དཀྲི་བ་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་བྱས་ཉེས་བགྲང་གིས་མི་ལངས། ཨ་རིས་ད་བར《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ལ་ཆོག་མཆན་མི་འགོད་པ་དང་། 《ཅིན་ཏུའུ་གྲོས་ཆོད》ལ་ཡང་ཆོག་མཆན་བཀོད་མེད། 《ཕ་རི་སིའི་ཆོད་ཡིག》ལས་ཕྱིར་བུད་པ་དང་། རང་ངོས་ཀྱི་གཅུན་སྡོམ་རང་བཞིན་གྱི་བཙོག་འབུད་ཉུང་གཏོང་གི་ལས་འགན་ཡང་ཁས་མི་ལེན། 《པ་སེར་གྱི་སྤྱི་ཆིངས》ལ་ཆོག་མཆན་མི་འགོད་པར། གོ་ལ་ཧྲིལ་པོའི་སྤོས་འགྱིག་གད་སྙིགས་སོགས་བཅོས་སྐྱོང་གི་འཕེལ་རིམ་ལ་འགོག་རྐྱེན་བཟོས་ནས་གད་སྙིགས་འབོར་ཆེན་ཞིག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་གནས་སྤོ་བྱས་ཏེ། ས་གནས་དེ་ག་དང་གོ་ལ་ཧྲིལ་པོའི་ཁོར་ཡུག་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་ཡོད། དེ་མིན། ཨ་རི་ནི་འཛམ་གླིང་ཐོག་རྫས་འགྱུར་མཚོན་ཆ་ཆེས་མང་པོ་ཉར་ཡོད་པའི་རྒྱལ་ཁབ་གཅིག་པུ་ཡིན་པའི་ངོས་ནས། རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་དུས་ཚོད་ནར་འགྱངས་ཐེངས་མང་བྱས་པ་དང་རང་ཉིད་ཀྱི་འོས་འགན་ཡང་འགྲུབ་ཐབས་ཙམ་བྱས་ནས“རྫས་འགྱུར་མཚོན་ཆ་མེད་པའི་འཛམ་གླིང”འཛུགས་པའི་འགོག་རྐྱེན་ཆེ་ཤོས་སུ་གྱུར་ཡོད། འདི་དག་གི་སྐོར་ནས་ཨ་རིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངེས་པར་གསལ་བཤད་བྱ་དགོས་ཞེས་བརྗོད།