འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་16ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་དང་
དེའི་གསང་མྱུལ་གསང་འཕྲིན་ལས་ཁུངས་ཀྱིས་སྐམ་ས་ཆེན་མོར་གསང་འཕྲིན་སིམ་འཛུལ་དང་གཏོར་བཤིག་
བྱེད་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ་རེད་ཅེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་15ཉིན། 16:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལེན་གྱིས་ཚེས་14ཉིན་དྲི་བར་ལན་འདེབས་དུས། འབྲེལ་ཡོད་སྡེ་ཁག་ལ་རྒྱུས་ལོན་བྱས་པ་བརྒྱུད། ཉེ་དུས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས“ཤུན་ལེ—2020”ཞེས་པའི་ཆེད་དོན་བྱ་སྤྱོད་སྤེལ་ནས་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་དང་དེའི་གསང་མྱུལ་གསང་འཕྲིན་ལས་ཁུངས་ཀྱིས་སྐམ་ས་ཆེན་མོར་དམིགས་པའི་གསང་འཕྲིན་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ་རེད། ཉེ་བའི་དུས་སྐབས་ཤིག་གི་རིང་ལ། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཕྱི་རྒྱལ་ལ་བརྟེན་ནས་རང་བརྩི་རང་བཀུར་དང་། ཕྱི་ཕྱོགས་ཀྱི་ཀྲུང་རྒོལ་སྟོབས་ཤུགས་དང་འབྲེལ་བ་གང་མགྱོགས་བྱས་ཏེ་དོན་རྐྱེན་ཡང་ཡང་བཟོས་ཤིང་། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱེད་སྒོ་ཤུགས་ཆེན་སྤེལ་བས། མཚོ་འགག་ངོགས་གཉིས་ཀྱི་ཞི་བདེ་དང་ཐའེ་ཝན་མཚོ་འགག་གི་གནས་བབ་བརྟན་ལྷིང་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། ཐའེ་ཝན་ཕྱོགས་ཀྱིས་རྒྱལ་ཁབ་སྟོབས་ལྡན་དང་། མི་རིགས་བསྐྱར་དར། ངོགས་གཉིས་གཅིག་གྱུར་བཅས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་དང་བསྟུན་ནས། ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་བ་གང་ཡང་བྱེད་མི་ཆོག་ཅེས་བརྗོད།
     ཉིན་དེའི་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་རྒྱུན་ལྡན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་ཉེ་ཆར་སྐམ་ས་ཆེན་མོའི་སྨྱན་སྦྱོར་གྱིས་ཐའེ་ཝན་གསང་མྱུལ་གྱི་གྱོད་གཞི་4ཐེར་འདོན་བྱས་ནས། དོ་སྣང་བྱེད་དུ་བཅུག་པ་རེད། སྐབས་འདིར་གྱོད་དོན་འདི་རིགས་ཡོངས་བསྒྲགས་བྱས་དོན་ཅི་ཡིན་སྐོར་བྲིས་པར། ཀྲུའུ་ཧྥེང་ལེན་གྱིས་འབྲེལ་ཡོད་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་འབྲེལ་གོང་ལྟར་གྱི་ལན་ཡང་བརྒྱབ་ཡོད།
     གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྐམ་ས་ཆེན་པོས་གསང་འཕྲིན་རྐུ་ཁྱེར་བྱེད་པའི་གྱོད་དོན་བརྒྱ་ལྷག་རྩད་ཆོད་པ་རེད། འབྲེལ་ཡོད་ཐའེ་ཝན་གྱི་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣའི་ནང་མིས་ཐུག་འཕྲད་བྱ་ཆོག་མིན་དང་། ཐའེ་ཝན་གྱི་སྨྱན་སྦྱོར་གྱིས་བཅར་འདྲི་བྱེད་ཆོག་མིན་སོགས་ཀྱི་ཐད། ཀྲུའུ་ཧྥེང་ལེན་གྱིས་ཐའེ་ཝན་གྱི་གསང་མྱུལ་གསང་འཕྲིན་ལས་ཁུངས་ཀྱིས་དུས་ཡུན་རིང་པོར་སྐམ་ས་ཆེན་པོ་དམིགས་ཡུལ་དུ་བཟུང་ནས། གསང་འཕྲིན་རྐུ་ཁྱེར་དང་སིམ་འཛུལ་གཏོར་བཤིག་གི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་རེད། སྐམ་ས་ཆེན་པོའི་འབྲེལ་ཡོད་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་གྱོད་གཞི་མྱུལ་ཞིབ་དང་། ཞུ་སྦྱོར། འདྲི་གཅོད་བཅས་ནན་པོ་བྱས་ནས། ཉེས་བསགས་དོགས་གནད་ཆེ་བའི་མི་སྣ་དང་ཞུ་སྦྱོར་ཕྱི་མ་བའི་གཏུག་བཤེར་བྱེད་དབང་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་རེད་ཅེས་བརྗོད། 
     ཁོ་མོས་མྱུལ་ཞིབ་ལས་ཁུངས་ཀྱིས་གཏན་འབེབས་ལྟར་གྱོད་འབྲེལ་མི་སྣ་བཙོན་འཇུག་བྱེད་ས་སོགས་ཀྱི་གནས་ཚུལ་ནང་མིར་བརྡ་བཏང་བ་དང་འབྲེལ་གྱོད་འབྲེལ་མི་སྣར་ཁྲིམས་རྩོད་པ་གདན་ཞུ་བྱས་པ་རེད། ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་གྱོད་གཞི་ཡོངས་བསྒྲགས་ངང་ཞིབ་གཅོད་བྱ་རྒྱུ་མིན་ཅེས་ངོ་སྤྲད།
     འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། ཀྲུའུ་ཧྥེང་ལེན་གྱིས་ད་དུང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་ནི། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་། མཚོ་འགག་ངོགས་གཉིས་བར་རྒྱུན་ལྡན་གྱི་འགྲོ་འོང་སྒྲིག་ལམ་སྲུང་སྐྱོབ། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན། ད་ཐེངས་ཁྱབ་བསྒྲགས་བྱས་པའི་ཐའེ་ཝན་གསང་མྱུལ་གྱི་གྱོད་དོན་དེ་ཁ་གསལ་ལ་དཔང་རྟགས་ཁུངས་བཙན་ཡང་ཡོད། ཐའེ་ཝན་གྱི་སྤུན་ཟླ་མང་ཆེ་བ་དང་ངོགས་གཉིས་ཀྱི་རྒྱུན་ལྡན་འགྲོ་འོང་བྱེད་སྒོའི་ནང་ཞུགས་མཁན་ཐའེ་ཝན་གྱི་སྤུན་ཟླ་མང་ཆེ་བ་ང་ཚོས་སྤུན་ཟླ་ལྟ་བུར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་བྱ་བ་དངོས་སུ་བསྒྲུབས་པ་དང་། བྱ་བ་བཟང་པོ་བསྒྲུབས་པ། དཀའ་ངལ་སེལ་རོགས་བཅས་བྱེད་ཀྱིན་ཡོད་ལ། ཐའེ་ཝན་གྱི་སྤུན་ཟླ་མང་ཆེ་བའི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་ཆབས་ཅིག ། འགྲོ་འོང་མཐོར་བཏང་ནས་འཕེལ་རྒྱས་དེ་ལས་ཀྱང་ཆེ་བ་ཡོང་རྒྱུའི་རེ་བ་ཡོད། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གིས་སྐམ་ས་ཆེན་པོ་དམིགས་ཡུལ་དུ་བཟུང་ནས། རྒྱུན་ཆད་མེད་པར་འབྲེལ་ཡོད་གསང་འཕྲིན་རྐུ་ཁྱེར་དང་སིམ་འཛུལ་གཏོར་བཤིག་གི་བྱེད་སྒོ་སྤེལ་བ་ནི་མཚོ་འགག་ངོགས་གཉིས་ཀྱི་རྒྱ་ཆེའི་སྤུན་ཟླའི་ཁ་གཏད་དུ་ལངས་པ་ཡིན་ལ། “ཐའེ་ཝན་རང་བཙན”པ་ཉུང་ཤས་རྒྱ་ཡན་དུ་བཏང་ནས་ང་ཚོ་དང་ཕྱིན་ཅི་ལོག་པའི་བྱ་བ་བྱེད་ཀྱིན་ཡོད་པ་རེད་ཅེས་བརྗོད།