འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་15ཉིན།

༄༅༎མཚོ་སྔོན་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་མཁན་མང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་15ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གནམ་གཤིས་རིམ་བཞིན་གྲང་ངར་ཆེ་རུ་འགྲོ་བ་དང་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་དུ“རྒྱལ་སྟོན”རིང་ཡུལ་སྐོར་གྱི་རྣམ་པ་གྲ་རྒྱས་སུ་སོང་བའི་དབང་གིས་ཡུལ་སྐོར་བ་ཇེ་མང་ཞིག་གིས་སྒེར་འཁོར་བཏང་ནས་དེ་གར་མཛེས་སྡུག་ལྡན་པའི་གུང་གསེང་ལ་རོལ་བཞིན་ཡོད།
     ཁྲེན་ཆི་པིན་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ཡིན་ཞིང་། ཁོང་གིས་ཧྲང་ཧའེ་ནས་ཡོང་བའི་གྲོགས་པོ་5དང་མཉམ་དུ་སྒེར་འཁོར་བཏང་ནས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པར་འགྲོ་རྒྱུའི་སེམས་ཐག་བཅད། “སྔོན་ཆད་མཚོ་སྔོན་པོ་དང་སྐུ་འབུམ་བྱམས་པ་གླིང་སོགས་གྲགས་ཅན་མཛེས་ལྗོངས་དེ་དག་ལས་སྐོར་མྱོང་མེད། ད་ཐེངས་གྲོགས་པོ་ཚོ་དང་མཉམ་དུ‘དྲ་ཐོག་གྲགས་ཅན’གྱི་མཛེས་ལྗོངས་གསར་པ་དེ་དག་སྐོར་བར་འགྲོ་རྒྱུའི་ཁ་ཆད་བྱས་ཡིན། ང་ཚོས་སྒེར་འཁོར་བཏང་བས་སྟབས་བདེ་ལ་བབ་བསྟུན་ངང་འགྲོ་ཆོག་པས་ཧ་ཅང་སྐྱིད་པོ་བྱུང”ཞེས་བཤད།
     མར་གད་མཚེའུ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་རུ་གནས་པ་དང་ད་ཕན་ལོ་ཤས་རིང་དེའི་ཚོན་མདོག་ཕུན་སུམ་ཚོགས་པ་དང་། ཆེ་ཆུང་མི་འདྲ་བ། བཟོ་དབྱིབས་འདྲ་མིན་སྣ་ཚོགས། གཏིང་རིང་ཐུང་མི་འདྲ་བ་བཅས་ཀྱི་ཚྭ་རྫིང་ལས་ཐུན་མོང་མ་ཡིན་པའི་ས་དབྱིབས་ཆགས་ཏེ། ཡུལ་སྐོར་བ་མང་པོའི་སེམས་དབུས་ཀྱི་འགྲོ་དགོས་ངེས་ཀྱི་ཡུལ་ཞིག་ཏུ་གྱུར་བ་རེད།
     “དེ་གར་ནི་སྔོན་ཆད་ཁེ་ལས་ཀྱི་གཏེར་ཁུལ་ཡིན་པ་དང་ལོ་གཉིས་གོང་དུ་ཡུལ་སྐོར་བས་སྒེར་འཁོར་བཏང་ནས་དེ་གར་ཡོང་བ་དང་སྤྱི་ཚོགས་ཀྱི་འབྲེལ་གཏུག་སྨྱན་སྦྱོར་ཐོག་འདྲ་པར་དང་བརྙན་ཐུང་མཉམ་སྤྱོད་བྱས་སྟབས། མར་གད་མཚེའུ་དེ་གློ་བུར་དུ་སྐད་གྲགས་ཆོད་དེ་སྒེར་འཁོར་བཏང་ནས་ཡོང་མཁན་གྱི་ཡུལ་སྐོར་ཇེ་མང་དུ་སོང་ཡོད”ཅེས་མར་གད་མཚེའུ་ཡི་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བ་ཀྲང་རུང་གིས་ངོ་སྤྲོད་བྱས་པ་དང“རྒྱལ་སྟོན”རིང་མར་གད་མཚེའུ་ཡི་ཉིན་རྐྱང་པར་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མང་ཤོས་ལ་མི་ཐེངས་ཁྲི་3ལྷག་ཙམ་ཟིན་ཡོད།