༄༅༎མཚོ་སྔོན་ཤར་རྒྱུད་ཀྱི་མདོ་ལ་རིང་མོའི་ཆེས་ཤར་རྒྱུད་ནས་གསའ་ལ་ཐོག་མར་པར་ལེན་ཐུབ་པ།
གསར་འགྱུར་སྤེལ་དུས། 【2020ལོའི་ཟླ་ 10ཚེས་15ཉིན། 09:48】 (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)
འདི་ནི་མདོ་ལ་རིང་མོའི་ཆེས་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་པེ་ཧྲན་ནགས་ར་ནས་པར་བླངས་པའི་གསའ་མ་བུ་གཉིས་རྩེད་འཇོར་རོལ་བཞིན་པའི་རྣམ་པ་ཡིན་པ།
● གསའ་མ་བུ་གཉིས་རྩེད་འཇོར་རོལ་བའི་གཟུགས་བརྙན་ཐོག་མར་པར་ལེན་ཐུབ་པ་རེད།
● ད་ཐེངས་གསའ་མཐོང་ཐུབ་པ་དེ་ཐོག་ནས་གསའ་ཁྱབ་ཚུལ་དེ་མདོ་ལ་རིང་མོའི་ཆེས་ཤར་རྒྱུད་དུ་སྣུར་སྲིང་བྱས་པ་མཚོན་པ་དང་། གསའ་ཁྱབ་ཁུལ་གྱི་ཟིན་ཐོ་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་བྱུང་ཡོད་ལ་མཚོ་སྔོན་ཤར་རྒྱུད་དུ་གསའ་ཡི་དངོས་གཞིའི་གཟུགས་བརྙན་ཐོག་མར་པར་ལེན་ཐུབ་པས་དོན་སྙིང་གལ་ཆེན་ལྡན་ཡོད།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གསའ་ཚན་ཞིབ་ཚོགས་པར་དགའ་འོས་པའི་གྲུབ་འབྲས་ཤིག་ཐོབ་པ་སྟེ། མདོ་ལ་རིང་མོའི་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་པེ་ཧྲན་ནགས་ར་ནས་གསའ་མ་བུ་གཉིས་རྩེད་འཇོར་རོལ་བའི་གཟུགས་བརྙན་ཐོག་མར་པར་ལེན་ཐུབ་པ་རེད། ཚོགས་པ་དེའི་འགན་འཁུར་བས་ད་ཐེངས་གསའ་མཐོང་ཐུབ་པ་དེར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་འབུམ་རམས་པ་ལན་ཤིན་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་7པར། ཀའོ་ཧྲེང་སུའོ་དང་དགོན་ལུང་རྫོང་གི་པེ་ཧྲན་ནགས་རས་ཐུན་མོང་ཐོག་པེ་ཧྲན་ནགས་རའི་རི་སྐྱེས་སྲོག་ཆགས་ལ་དམར་ཕྱིའི་པར་ཆས་ཀྱིས་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་ནས་དམར་ཕྱིའི་པར་ཆས་24བཙུགས་ཡོད་པ་རེད། ཟླ་10ཚེས་1ཉིན། ཁོང་གི་ཚོགས་པས་དགོན་ལུང་པེ་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ལང་ཧྲི་ཏང་མཛེས་ལྗོངས་ཁུལ་གྱི་གྲོག་རོང་དུ་དམར་ཕྱིའི་པར་ཆས་ཀྱི་གསོག་འཇོག་གཱ་དང་གློག་རྫས་འཆར་ཅན་དུ་བརྗེ་སྐབས། བསམ་ཡུལ་ལས་འདས་པར་དམར་ཕྱིའི་པར་ཆས་དེས་ཟླ་9ཚེས་4ཉིན་གསའ་མ་བུ་གཉིས་པར་བླངས་ཡོད་པ་རེད།
“འདི་དངོས་གནས་དགའ་འོས་པའི་གསར་རྙེད་ཅིག་རེད”ཅེས་ལན་ཤིན་མིང་གིས་བཤད། དེ་ག་ནི་མདོ་ལ་རིང་མོའི་ཆེས་ཤར་རྒྱུད་དུ་གནས་པ་དང་དགོན་ལུང་རྫོང་གྲོང་དང་བར་ཐག་སྤྱི་ལེ་33དང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁུལ་དང་བར་ཐག་སྤྱི་ལེ་55ལས་མེད་པ་རེད། ད་ཐེངས་གསའ་མཐོང་ཐུབ་པ་དེ་ཐོག་ནས་གསའ་ཁྱབ་ཚུལ་དེ་མདོ་ལ་རིང་མོའི་ཆེས་ཤར་རྒྱུད་དུ་སྣུར་སྲིང་བྱས་པ་མཚོན་པ་དང་། གསའ་ཁྱབ་ཁུལ་གྱི་ཟིན་ཐོ་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་བྱུང་ཡོད་ལ་མཚོ་སྔོན་ཤར་རྒྱུད་དུ་གསའ་ཡི་དངོས་གཞིའི་གཟུགས་བརྙན་ཐོག་མར་པར་ལེན་ཐུབ་པས་དོན་སྙིང་གལ་ཆེན་ལྡན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔ་དེ་གར་གསའ་ཡོད་པའི་དོགས་གཞི་ཡོད་མོད། འོན་ཀྱང་བདེན་དཔང་གཏན་ནས་བྱུང་མྱོང་མེད།
གསའ་ནི་རི་མཐོའི་སྣོད་བཅུད་མ་ལག་གི་བཟའ་བཅའི་འཁོར་སྦྲེལ་གྱི་རྩེ་མོར་གནས་ཡོད། རྒྱུ་མཚན་ནི་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་རི་མཐོའི་གངས་ཐིག་གི་ཉེ་འདབས་སུ་འགུལ་སྐྱོད་བྱེད་ཅིང་། བྲག་ལ་འཛེག་མཁས་པ་དང་འགྲོ་འདུག་བཙན་པོ་ཡོད། ལན་ཤིན་མིང་གི་ཚོགས་པས་མཁོ་འདོན་བྱས་པའི་བརྙན་ལམ་ལས་མངོན་པར་གཞིགས་ན། གསའ་ཆེན་པོ་ཞིག་གིས་གསའ་ཕྲུག་རྒྱགས་རིལ་ཞིག་ཁྲིད་དེ་བརྙན་ཤེལ་མདུན་དུ་རྩེད་མོ་རྩེ་བཞིན་འདུག
རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པ་ལས། སྐྱེ་དངོས་རིགས་ཀྱི་སྣ་མང་རང་བཞིན་ཐད་ནས་བཤད་ན། རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་རྗེས། དགོན་ལུང་ནགས་རའི་ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ལང་ཧྲི་རྟང་མཛེས་ལྗོངས་ཁུལ་གྱི་འོག་ནི་ནགས་ཚལ་དང་སྟེང་ནི་རྩྭ་ཐང་ཡིན་ལ། ད་དུང་རི་མཐོའི་གྲམ་ཐང་ཡང་ཡོད། སྣོད་བཅུད་མ་ལག་གི་རིགས་ཕུན་སུམ་ཚོགས་པའི་རྐྱེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་སྐྱེད་སྲིང་བྱས་ཡོད།