འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་14ཉིན།

༄༅༎ཨོ་སི་ཁྲུ་ལི་ཡའི་ཞིབ་འཇུག་ཅིག་གིས་ཏོག་གསར་ནད་དུག་དེ་ངོས་འཇམ་པོར་ཉིན་28ལ་འཚོ་ཐུབ་ཅེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་13ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཁན་པེ་ར་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ཚན་རིག་དང་བཟོ་ལས་ཞིབ་འཇུག་རྩ་འཛུགས་ཀྱིས་སྤྱི་བསྒྲགས་སྤེལ་ནས་སྒྲིག་གཞི་དེའི་ཚན་ཞིབ་མི་སྣས་ཏོག་གསར་ནད་དུག་དེ་ཤེལ་ངོས་(དཔེར་ན་ལག་ཐོགས་ཁ་པར་གྱི་ཤེལ་ཡོལ་ལྟ་བུ)དང་བཙའ་མི་རྒྱག་པའི་ངར་ལྕགས་སོགས་ངོས་འཇམ་པོར་ཉིན་28ལ་འཚོ་ཐུབ་པ་ཤེས་རྟོགས་བྱུང་ཡོད་ཅེས་བརྗོད།
     སྤྱི་བསྒྲགས་ནང་ཚན་ཞིབ་མི་སྣས་རྒྱུན་མཐོང་རྒྱུ་ཆ་མི་འདྲ་བའི་ཕྱི་ངོས་དང་དྲོད་ཚད་མི་འདྲ་བའི་འོག་ཏོག་གསར་ནད་དུག་གི་འཚོ་གནས་དུས་ཚོད་ལ་ཚོད་ལྟ་བྱས་པ་རེད། སྨུག་ཕྱིའི་འོད་ཀྱི་ཤུགས་རྐྱེན་མེད་པར་བཟོ་ཆེད་ཚོད་ལྟ་དེ་མུན་ནག་གི་ཁྲོད་དུ་སྤེལ་བ་རེད།
     ཚད་ལེན་ཚོད་ལྟ་བྱས་པའི་མཇུག་འབྲས་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཏོག་གསར་ནད་དུག་ལ་ཁྱད་ཆོས་གསུམ་ཡོད་དེ། དྲོད་ཚད་ཅུང་དམའ་བའི་འོག་ཏུ་དུས་ཡུན་རིང་བོ་འཚོ་གནས་བྱེད་ཐུབ་པ་དང་། ཁུང་མང་གི་རྙོག་འཛིང་ཆེ་བའི་ཕྱི་ངོས་(དཔེར་ན་སྲིང་བལ་གྱི་རྒྱུ་ལྟ་བུ)དང་བསྡུར་ན། ཁུང་མེད་པའམ་ངོས་འཇམ་པོ་(དཔེར་ན་ཤེལ་དང་བཙའ་མི་རྒྱག་པའི་ངར་ལྕགས། ཁ་སིན་རྨང)སྟེང་འཚོ་གནས་བྱེད་ཐུབ་པའི་དུས་ཚོད་དེ་བས་རིང་བ་དང་། ཤོག་དངུལ་གྱི་སྟེང་དུ་འཚོ་གནས་བྱེད་ཐུབ་པའི་དུས་ཚོད་ནི་སྤོས་འགྱིག་གི་ཤོག་དངུལ་ཐོག་འཚོ་གནས་བྱེད་ཐུབ་པའི་དུས་ཚོད་ལས་རིང་བ་བཅས་སོ།།
     ཞིབ་འཇུག་ལ་ཞུགས་པའི་ཏེ་པིས་དབྱི་ཀེར་སི་ཡིས། ཞིབ་འཇུག་བྱེད་སྐབས་ཁང་བའི་དྲོད་ཚད་ནི་ཕལ་ཆེར་ཧྲེ་ཧྲི་ཏུའུ་20ཡིན་པའི་སྐབས་སུ། ཏོག་གསར་ནད་དུག་ཧ་ཅང“རེངས་པོ”་ཡིན་པ་དང་། ཤེལ་སོགས་འཇམ་ངོས་སུ་ཉིན་28ལ་འཚོ་གནས་བྱེད་པ་དང་། “ཆམ་རིམས་ཀ་པའི་ནད་དུག་གི་འདྲ་མཚུངས་ཚོད་ལྟ་ལས་མངོན་པ་གཞིགས་ན། ཆམ་རིམས་ཀ་པའི་ནད་དུག་ནི་ཕྱི་ངོས་དེ་རིགས་སུ་ཉིན་17ལ་འཚོ་གནས་ཐུབ་པ་དེས་ཏོག་གསར་ནད་དུག་གི་རེངས་གཤིས་མངོན་གསལ་དོད་པོར་མངོན་ཡོད”ཅེས་བརྗོད།
     དབྱི་ཀེར་སི་ཡིས་ཞིབ་འཇུག་གི་མཇུག་འབྲས་འདི་ལས་བསྟན་དོན། ཏོག་གསར་ནད་དུག་དེ་ཕྱི་ངོས་ཁ་ཤས་སུ་དུས་ཡུན་རིང་པོར་འཚོ་གནས་བྱེད་ཐུབ་པས། མི་རྣམས་ལ་འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་ཞིག་དགོས། དཔེར་ན་ལག་པ་ཡང་ཡང་བཀྲུ་བ་དང་རྒྱུན་དུ་ཕྱི་ངོས་འདི་དག་གཙང་མ་བྱེད་པ་ལྟ་བུ་ཞེས་བརྗོད།
     ཞིབ་འཇུག་པ་གཞན་ཞིག་སྟེ་ཐེ་ལེ་ཧྥུ་ཏེ་ལུའུ་ཡིས། མཇུག་འབྲས་འདི་དག་གིས་དྲོད་ཚད་དམའ་བའི་ཁོར་ཡུག་འོག་ཏོག་གསར་ནད་དུག་དེ་ཤ་རིགས་ལས་སྣོན་གྱི་སྒྲིག་ཆས་ཁྲོད་ཁྱབ་སྤེལ་བྱེད་པའི་གནས་ཚུལ་ལ་འགྲེལ་བཤད་བྱེད་པར་ཕན་པ་ཡོད་པ་མ་ཟད། མི་རྣམས་ཀྱིས་ཉེན་ཁ་དེ་རིགས་ལ་ཁ་གཏད་སྔར་ལས་ལྷག་པ་འཇལ་བར་ཡང་ཕན་ཐོགས་ཡོད་ཅེས་བརྗོད།
     འོན་ཀྱང་ཞིབ་འཇུག་མི་སྣས་ཀྱང་། ཏོག་གསར་ནད་དུག་དེ་དངོས་གཟུགས་ཁ་ཤས་ཀྱི་ཕྱི་ངོས་སུ་གནས་པ་དང་འགོས་པའི་གནས་ཚུལ་ལ་ཞིབ་འཇུག་དེ་བས་མང་བ་བྱེད་དགོས་པ་དཔེར་ན། གོམ་གང་མདུན་སྤོས་ཀྱིས་མི་དང་འབྲེལ་ཡོད་ཕྱི་ངོས་ཀྱི་འབྲེལ་གཏུག་བྱེད་ཚད་དང་ནད་འགོས་པར་མཁོ་བའི་ནད་དུག་གི་གྲངས་འབོར་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད་དགོས་ཞེས་བརྗོད།
     ད་ཐེངས་ཀྱི་ཞིབ་འཇུག་དཔྱད་རྩོམ་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ནད་དུག་རིག་པའི་དུས་དེབ》ཐོག་བཀོད་ཡོད་པ་རེད།