འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་10ཉིན།

༄༅༎འཛམ་གླིང་ཚོང་དོན་རྩ་འཛུགས་ལ་བུད་མེད་སྤྱི་ཁྱབ་ལས་འཛིན་ཐོག་མ་དེ་ཐོན་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་09ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཇེ་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏའེ་ཝུའེ་ཝོ་ཁེས་ཚེས་8ཉིན་ཁྱབ་བསྒྲགས་བྱས་དོན། ཁོངས་མིས་གྲོས་མོལ་རེས་སྐོར་གཉིས་བྱས་རྗེས་གསར་དུ་བསྐོས་པའི་སྤྱི་ཁྱབ་ལས་འཛིན་བུད་མེད་འོས་མི་གཉིས་ཀྱི་ཁྲོད་ནས་ཐོན་རྒྱུའི་གྲོས་ཐག་བཅད་པ་རེད། དེས་འཛམ་གླིང་ཚོང་དོན་རྩ་འཛུགས་དབུ་བརྙེས་ནས་ལོ་25སོང་རིང་གི་བུད་མེད་སྤྱི་ཁྱབ་ལས་འཛིན་ཐོག་མ་དེ་འབྱུང་རྒྱུ་ཡིན་པ་མཚོན་ཡོད།
     ཝོ་ཁེས་རེས་སྐོར་གཉིས་པའི་གྲོས་མོལ་བྱས་རྗེས་ནི་ཀྲེ་རི་ཡའི་འོས་མི་ཨེན་ཀོ་ཆི་ཨའོ་ཁུང་ཆའོ་དབྱི་ཝུའེ་ཨ་ལ་དང་ཁོ་རེ་ཡའི་འོས་མི་ཡུས་མིང་ཞི་མུ་མཐུད་འདེམས་བསྐོར་ཞུགས་པ་རེད། སྤྱི་ཁྱབ་ལས་འཛིན་འདེམས་སྒྲུག་བྱེད་པའི་རེས་སྐོར་གསུམ་པ་སྟེ་མཐའ་མའི་གྲོས་མོལ་དེ་ཟླ་10ཚེས་19ཉིན་ནས་ཚེས་27ཉིན་བར་བྱ་རྒྱུ་རེད་ཅེས་བརྗོད།
     ཨེན་ཀོ་ཆི་ཨའོ་ཁུང་ཆའོ་དབྱི་ཝུའེ་ཨ་ལ་ནི་ནི་ཀྲེ་རི་ཡའི་ནོར་སྲིད་པུའུ་ཀྲང་སྔོན་མ་དང་ཕྱི་འབྲེལ་པུའུ་ཀྲང་ཡིན་པ་དང་། འཛམ་གླིང་དངུལ་ཁང་དུ་ལས་ཀ་ལོ་25བྱེད་མྱོང་བ་མ་ཟད། རྒྱུན་ལས་ཧང་ཀྲང་གཞོན་པའི་འགན་འཁུར་མྱོང་ཡོད། མིག་སྔར་ཁོང་གིས་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་གྱི་ཡོད།
     ཡུས་མིང་ཞི་ནི་ཁོ་རེ་ཡའི་ཐོན་ལས་ཚོང་འགྲུལ་ཐོན་ཁུངས་པུའུ་ཡི་ཚོང་འགྲུལ་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཡིན། ཉོ་ཚོང་ཁྱབ་ཁོངས་སུ་ལས་ཀ་བྱས་ནས་ལོ་25འགོར་ཡོད། ཁོ་རེ་ཡ་ཕྱོགས་ཀྱི་ཚབ་ཞུས་ནས་རྒྱལ་སྤྱིའི་གྲོས་མོལ་གལ་ཆེན་ནང་ཐེངས་མང་ཞུགས་པ་དང་། ཁོ་རེ་ཡ་ཕྱོགས་ཀྱིས་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་དང་། ཀྲུང་གོ་དང་ཁོ་རེ་ཡའི་རང་མོས་ཚོང་དོན་གྲོས་ཆོད། ཁོ་རེ་ཡ་དང་ཨ་རིའི་རང་མོས་ཚོང་དོན་གྲོས་ཆོད་གསར་པ་སོགས་གྲོས་མོལ་བྱེད་རིང་གི་གྲོས་མོལ་གྱི་འཐུས་མི་གལ་ཆེན་ཞིག་རེད།
     འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙེ་ཝུའེ་ཏུའོ་ཟླ་8ཚེས་31ཉིན་ལས་གནས་ལས་བྲལ་བ་དང་། ལོ་གཅིག་སྔ་སྣུར་བྱས་ཏེ་འགན་འཛིན་ཡུན་ཚད་མཇུག་བསྒྲིལ་བ་རེད། གསར་དུ་བསྐོ་འཇོག་བྱེད་པའི་སྤྱི་ཁྱབ་ལས་འཛིན་འདེམས་སྒྲུག་གི་གོ་རིམ་ཟླ་6ཚེས་8ཉིན་འགོ་ཚུགས་པ་དང་ཁྱོན་འོས་མི་8དངོས་སུ་མིང་འདོན་བྱས་པ་རེད།
     འཆར་གཞི་ལྟར་ན། སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝོ་ཁེ་དང་རྩོད་གཞི་ཐག་གཅོད་སྒྲིག་གཞིའི་ཀྲུའུ་ཞི་ཏ་ཤིས་ཨའོ་ཁ་སི་ཏི་ལུའེ་དང་ཚོང་དོན་སྲིད་ཇུས་གྲོས་ཞིབ་སྒྲིག་གཞིའི་ཀྲུའུ་ཞི་ཧ་ལར་ཨ་སི་ཕེ་ལུང་ཏེ་བཅས་ལས་གྲུབ་པའི་མི་གསུམ་ཚོགས་ཆུང་ཟླ་9ཚེས་7ཉིན་ནས་བཟུང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིའི་འཐུས་མི་ཡོངས་དང་སོ་སོར་ཐུག་འཕྲད་དང་གྲོས་མོལ་རེས་སྐོར་གསུམ་བྱས་པ་བརྒྱུད། འོས་མིའི་ཁྱབ་ཁོངས་རིམ་བཞིན་ཇེ་ཆུང་དུ་བཏང་བ་མ་ཟད། མཐར་གྲོས་མོལ་གཅིག་མཐུན་གྱི་རྩ་དོན་ལ་བརྟེན་ནས་སྤྱི་ཁྱབ་ལས་འཛིན་པའི་འོས་མི་གཏན་འཁེལ་བྱས་པ་རེད།