འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་30ཉིན།

༄༅༎“རོང་བྲག་གི་མཛེས་ཉམས་འཚོལ”ཞེས་པའི་པར་རིས་འགྲན་བསྡུར་ལེགས་འགྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
རོང་བྲག་རྫོང་གི་མཛེས་ལྗོངས།
རོང་བྲག་རྫོང་གི་མཛེས་ལྗོངས།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན། “རོང་བྲག་གི་མཛེས་ཉམས་འཚོལ”ཞེས་པའི་ཁྱད་དུ་འཕགས་པའི་པར་རིས་བཅུ་དཔྱད་འདེམས་ལས་དོན་ལེགས་གྲུབ་བྱུང་བ་དང་དཔྱད་འདེམས་ཨུ་ལྷན་གྱི་རིགས་གཅིག་མཁས་པ་ཚོགས་ཆུང་གིས་བརྩམས་ཆོས་1000ལྷག་ཙམ་ཁྲོད་ནས་རེས་སྐོར་མང་པོའི་དཔྱད་འདེམས་བྱས་པ་བརྒྱུད་མཐར་བྱ་དགའ་ཐོབ་པའི་བརྩམས་ཆོས་100དཔྱད་འདེམས་བྱས་པ་རེད། དེའི་ནང་བརྩམས་ཆོས་10ལ“ཁྱད་དུ་འཕགས་པའི་པར་རིས་བཅུའི་བྱ་དགའ”ཐོབ་པ་དང་བརྩམས་ཆོས་90ལ་ཕུལ་བྱུང་བྱ་དགའ་ཐོབ་ཡོད། གཙོ་གཉེར་ཕྱོགས་ཀྱིས་དུས་ཚོད་བདམས་ནས་ཞིབ་ཕྲའི་བྱ་དགའ་ཁྱབ་བསྒྲགས་བྱ་རྒྱུ་དང་འབྲེལ་བྱ་དགའ་སྤྲོད་རྒྱུ་རེད།
 “རོང་བྲག་གི་མཛེས་ཉམས་འཚོལ”ཞེས་པའི་ཁྱད་དུ་འཕགས་པའི་པར་རིས་བཅུ་བསྡུ་རུབ་བྱེད་སྒོ་དེ་རོང་བྲག་རྫོང་ཨུད་དང་རོང་བྲག་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོའི་དམིགས་ཡུལ་ནི“གནའ་མཁར་དང་། བོད་སྡེ། མཛེས་མའི་ལུང་པ”ཞེས་པའི་ཁྱད་ལྡན་སྤུས་རྟགས་དྲིལ་བསྒྲགས་བྱས་ནས། རོང་བྲག་གི་རིག་གནས་ཡུལ་སྐོར་གྱི་ཕུལ་བྱུང་གཟུགས་བརྙན་གཏིང་ཟབ་མངོན་པར་བྱ་རྒྱུ་དེ་ཡིན་པ་དང་འབྲེལ་རྫོང་དེས་དཀར་མཛེས་ཁུལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་བརྩམས་ཆོས་བསྡུ་རུབ་བྱེད་པའི་དུས་ཚོད་ནི་2020ལོའི་ཟླ་4པ་ནས་7པའི་བར་ཡིན་པ་དང་རིགས་གཅིག་མཁས་པས་དཔྱད་འདེམས་དུས་ཚོད་ནི་ཟླ་9ཚེས་28ཉིན་ཡིན། ཁྱོན་བྱ་དགའི་རྣམ་གྲངས་101བཙུགས་པ་དང་སྤྱིའི་བྱ་དགའི་དངུལ་སྒོར་ཁྲི་15.5ཟིན་ཡོད། དེའི་ནང“ཁྱད་དུ་འཕགས་པའི་པར་རིས་བཅུའི”བྱ་དགའ་ཐོབ་པའི་བརྩམས་ཆོས་རེའི་བྱ་དགའི་དངུལ་སྒོར་ཁྲི་1ཡིན་པ་དང་ཕུལ་བྱུང་བྱ་དགའ་90ཡི་བྱ་དགའི་དངུལ་སྒོར་500རེད། རིགས་གཅིག་མཁས་པའི་དཔྱད་འདེམས་མཇུག་བསྒྲིལ་རྗེས། གཙོ་གཉེར་ཕྱོགས་ཀྱིས་ད་དུང་དྲ་ཐོག་ཏུ“མི་གཡང་མཐོ་ཤོས་ཀྱི་བྱ་དགའ”དཔྱད་འདེམས་བྱས་ནས་བྱ་དགའ་ཐོབ་པའི་བརྩམས་ཆོས་100ཡི་ཁྲོད་མཐར་ཕུལ་བྱུང་གི་རྒྱལ་ཁ་ཐོབ་མཁན་1ཐོན་རྒྱུ་རེད། དེའི་བྱ་དགའི་དངུལ་སྒོར་ཁྲི་1ཡིན་པ་དང་དྲ་ཐོག་ནས་འདེམས་ཤོག་འཕེན་པའི་དུས་ཚོད་ཉིན་15ཡིན།
     སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་ལ“མཛེས་མའི་ལུང་པ”ཞེས་པའི་མཚན་སྙན་ཡོད། ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་365ཡོད་པ་དང་རྫོང་གྲོང་གི་ས་བབ་མཐོ་ཚད་སྨི་1860ཡོད་ལ། རྒྱལ་མོ་རྔུལ་ཆུའི་གྲོང་ཁྱེར་དང་པོ་དང་རྒྱལ་རོང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རིག་གནས་རྒྱུན་འཛིན་ལྟེ་གནས་ཡིན་ཞིང་། ཁྲོན་ནུབ་ཡུལ་སྐོར་སྐོར་ལམ་དང་། ཀྲུང་གོའི་དོམ་ཁྲ་ལམ་ཆེན། རྒྱལ་མོ་ཚ་བ་རོང་གི་རིག་གནས་ཡུལ་སྐོར་སྐོར་ལམ་བཅས་ཀྱི་དམིགས་ས་དང་འདུས་གནས་གལ་ཆེན་གྱི་གྲས་ཤིག་ཀྱང་རེད། 2005ལོར་རོང་བྲག་གི་བོད་སྡེ་དེ《ཀྲུང་གོའི་རྒྱལ་ཁབ་ས་ཁམས》ཞེས་པའི་དུས་དེབ་ཁང་གིས“ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་གནའ་བོའི་གྲོང་རྡལ་དྲུག”གི་ཨང་དང་པོར་བདམས་པ་རེད།
【1】  【2】
རོང་བྲག་རྫོང་གི་མཛེས་ལྗོངས།
རོང་བྲག་རྫོང་གི་མཛེས་ལྗོངས།