འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་30ཉིན།

༄༅༎ཕྱག་ཕྲེང་རྫོང་གི་ཡུལ་སྐོར་ཁྱབ་གདལ་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཕྱག་ཕྲེང་རྫོང་གི་ཡུལ་སྐོར་ཁྱབ་གདལ་བྱེད་སྒོ་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། འཁྲུག་ཆ་དོད་པའི་སྐོར་བྲོ་དང་། སྙན་འཇེབས་ལྡན་པའི་གླུ་གཞས། ཁྱད་དུ་འཕགས་པའི་མངོན་མིན་རིག་གནས་ཤུལ་བཞག ཁྱད་ཆོས་ལྡན་པའི་སྡོད་ཁང་། ཚོན་མདངས་སྣ་ལྔའི་ཞིང་སྡེ་ནི་སུམ་རྩེན་ཡུལ་དང་འདྲ་ཞིང་། བོད་ཀྱི་གྲོང་སྡེ་དཀར་པོ་ནི་རི་མོ་བཞིན་དུ་བཀྲ། 《རྨི་ལམ་ནང་གི་ཤམ་བྷ་ལ》ཞེས་པའི་དངོས་ལྗོངས་ཞབས་བྲོའི་ཟློས་གར་ལས་གྲོང་གསེབ་ཀྱི་མཛེས་ལྗོངས་དང་། གནའ་སྲོལ་གྱི་ཉམས་འགྱུར། སྣ་མང་གི་འགྱུར་དབྱངས་བཅས་མངོན་པར་བྱས་ཡོད།
     སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་སུ། ཟླ་9ཚེས་28ཉིན་ནས་ཟླ་10ཚེས་1ཉིན་བར་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གིས“བོད་ཁང་དཀར་པོ་དཀར་བསྒྱུར་དང་། ཤམ་བྷ་ལ་ཡི་གསང་བ་འཚོལ”ཞེས་པའི་2020ལོའི་ཤམ་བྷ་ལ་ཕྱག་ཕྲེང་གི་ཡུལ་སྐོར་ཁྱབ་གདལ་དུས་ཚིགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། འཛམ་གླིང་ཀུན་ལ་གཞན་དང་མི་འདྲ་བའི་ཕྱག་ཕྲེང་ཞིག་ངོ་ཤེས་པར་འཇུག་པ་དང་སྔོན་དང་མི་འདྲ་བའི་ཤམ་བྷ་ལའི་རིག་གནས་མྱོང་ཚོར་བྱེད་དུ་འཇུག་རྒྱུ་ཡིན་ཞིང་། མི་དེ་བས་མང་བར་ཕྱག་ཕྲེང་ཤེས་རྟོགས་དང་། ཕྱག་ཕྲེང་བློ་ལ་ངེས་པ། ཕྱག་ཕྲེང་ལོངས་སུ་སྤྱོད་པ། ཕྱག་ཕྲེང་ལ་མ་དངུལ་འཇོག་པ་བཅས་བྱེད་དུ་འཇུག་རྒྱུ་རེད།
     ཕྱག་ཕྲེང་ནི་ཤམ་བྟ་ལ་ཡུལ་སྐོར་ལྟེ་གནས་ཁུལ་ཆེན་མོའི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུ་ཞིག་རེད། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། སྣ་མང་ཕུན་སུམ་ཚོགས་པའི་ཞིང་ལས་ཀྱི་ཤེས་དཔལ། ལྷིང་འཇགས་ཀྱི་བོད་ཁང་དཀར་པོ། ལོ་ངོ་སྟོང་གི་བྱང་ཆུབ་ལྗོན་ཤིང་། ངོ་མཚར་ཆེ་བའི་སྲོལ་རྒྱུན་རིག་གནས། གཞུང་དྲང་ཞིང་མགྲོན་ལ་དགའ་བའི་ཕྱག་ཕྲེང་གི་མི་དམངས། སྐྱིད་པའི་འཛུམ་མདངས་བཀྲ་བའི་ཞལ་རས་བཅས་ཀྱིས“ཞིང་སྡེའི་བོད་ཁང་དཀར་པོ། ས་གཙང་ཤམ་བྷ་ལ”ཞེས་པའི་ཐུན་མོང་མ་ཡིན་པའི་གནས་མཆོག་འདི་གྲུབ་ཡོད།
     2017ལོར་ཕྱག་ཕྲེང་རྫོང་གིས“ཞིང་སྡེའི་བོད་ཁང་དཀར་པོ། ས་གཙང་ཤམ་བྷ་ལ”ཞེས་པ་དེ་ཡུལ་སྐོར་གྱི་གཟུགས་བརྙན་ལ་གཏན་འཁེལ་བྱས་པ་དང་། རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། “རྒྱུད་གཅིག་ཉིང་གཉིས་ཡུག་གསུམ”བཀོད་སྒྲིག་བྱས་པ་དང་། རིམ་པ་མཐོ་བའི་ཁྱད་ལྡན་སྡོད་ཁང་དར་སྤེལ་དེ་ཚད་བརྒལ་དུ་བྱེད་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་པ་ནས་བཟུང་། མཛེས་ལྗོངས་ཁུལ་དང་ཚོང་ལས་ཅན། སྤྱི་གླིང་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན་བཅས་མེད་པར་བཟོ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཡུལ་སྐོར་འགྲིམ་འགྲུལ་གྱི་འགྲོ་ལམ་དང་ལམ་རྒྱུད་ཀྱི་ལེ་ལག་ཚང་བའི་ཡུལ་སྐོར་སྒྲིག་བཀོད་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ནས་བོད་ཡུལ་གྱི་ཞིང་སྡེའི་4Aམཛེས་ལྗོངས་ཁུལ་དང་3Aམཛེས་ལྗོངས་ཁུལ་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ཡོད། བོད་ཁང་དཀར་པོ་སྒྱུར་བཀོད་རིམ་སྤོར་ལ་བརྟེན་པའི་རིམ་པ་མཐོ་བའི་ཁྱད་ལྡན་སྡོད་ཁང“སྐྱབས་གླིང”གི་རིམ་པ་དང་པོ་དང་གཉིས་པ་སྤྱོད་འགོ་ཚུགས་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད། གསར་སྐྲུན་བྱས་པའི་རིག་གནས་གསར་གཏོད་IPཐོག་མ“ཤམ་བྷ་ལའི་བྱི་ལ”ཞེས་པ་དེ་ད་ལོའི་ཟླ་5པར་གྲུབ་འབྲས་ཐོབ་པའི་ངང་ཁྱབ་བསྒྲགས་བྱས་པ་དང་། མཆེད་ཐོན་ཐོན་རྫས་དང་དེ་བཞིན་རིག་གནས་གསར་གཏོད་ཐོན་རྫས་ཁག་བཅུ་ལྷག་ཙམ་དྲ་ཐོག་དང་ཚོང་ཁང་ནས་ཕྱིར་ཚོང་བྱས་པ་རེད། རྫོང་ཡོངས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དང་སྡོད་ཁང་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་བསམ་འཆར་བཏོན། ཕྱག་ཕྲེང་གི་ཡུལ་སྐོར་རིག་གནས་བྱ་གཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་9པའི་ཟླ་མཇུག་བར་ཕྱག་ཕྲེང་རྫོང་གིས་ཡུལ་སྐོར་བ་ཁྲི་30ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་32070ཟིན་ནས་ཡུལ་སྐོར་འཛད་སྤྱོད་ཤུགས་ཆེན་སླར་གསོ་བྱུང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། “བོད་ཁང་དཀར་པོ་དཀར་བསྒྱུར་དང་། ཤམ་བྷ་ལ་ཡི་གསང་བ་འཚོལ”ཞེས་པའི་2020ལོའི་ཤམ་བྷ་ལ་ཕྱག་ཕྲེང་གི་ཡུལ་སྐོར་ཁྱབ་གདལ་དུས་ཚིགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཉིན་4བསྟུད་མར་སྤེལ་རྒྱུ་ཡིན་ཞིང་། 《རྨི་ལམ་ནང་གི་ཤམ་བྷ་ལ》ཞེས་པའི་དངོས་ལྗོངས་ཞབས་བྲོའི་ཟློས་གར་འཁྲབ་སྟོན་ཆེ་གྲས་དང་། ཕྱག་ཕྲེང་གི་བོད་ཁང་དཀར་པོ་དཀར་བསྒྱུར་གྱི་བྱེད་སྒོ་དང་། 《རྨི་ལམ་ནང་གི་ཤམ་བྷ་ལ》ཞེས་པའི་མཚན་མོའི་ཡུལ་སྐོར་བྱེད་སྒོ། ཡུལ་སྐོར་དང་དེ་བཞིན་སྡོད་ཁང་འཕེལ་རྒྱས་འོས་སྦྱོར། རིག་གནས་གསར་གཏོད་ཐོན་རྫས་འོས་སྦྱོར། གདོད་མའི་སྐྱེ་ཁམས་སྐོར་བྲོ་མཉམ་འཁྲབ་བྱེད་སྒོ། ཞིང་པའི་ལུས་རྩལ་རྩལ་འགྲན་བྱེད་སྒོ། ཟས་ཞིམ་རིག་གནས་དུས་ཆེན་སོགས་རིག་གནས་བྱེད་སྒོ་མང་པོར་ལྟ་སྐོར་དང་ཉམས་ལེན་བྱེད་པར་བརྟེན་ནས། ཤམ་བྷ་ལ་ཕྱག་ཕྲེང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཞིང་སྡེའི་བོད་གྲོང་དང་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་དག་ཡུལ་སྐོར་བ་ཀུན་གྱི་སྤྱན་ལམ་དུ་འདྲེན་རྒྱུ་ཡིན།
【1】  【2】
༄༅༎ཕྱག་ཕྲེང་རྫོང་གི་ཡུལ་སྐོར་ཁྱབ་གདལ་བྱེད་སྒོ་སྤེལ་བ།