འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎སྨན་བཅོས་ཆ་རྐྱེན་ལེགས་སུ་བཏང་། ཞིང་འབྲོག་དམངས་ལ་དངོས་ཕན་ཐོབ།

—— བོད་ལྗོངས་བྲག་ཡིབ་ཆུས་མི་དམངས་སྨན་ཁང་གི་སྨན་པ་ཟླ་སྒྲོན་གྱི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་གི་སྒོ་བསྟེན་སྨན་ཁང་དུ་སྐྱོད་སྐབས། བོད་རིགས་སྨན་པ་ཟླ་སྒྲོན་དང་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་དྲུག་པའི་བོད་སྐྱོར་སྨན་པ་ཧྲའོ་ཝེ་དབྱང་ནད་དཔེའི་སྐོར་ལ་སྤེལ་རེས་བྱེད་བཞིན་འདུག
     འདི་ལོ་ནི་ཟླ་སྒྲོན་སྨན་པར་གྱུར་པའི་ལོ་དྲུག་པ་དེ་རེད། ཟླ་སྒྲོན་སློབ་ཆེན་ལ་ཡིག་རྒྱུགས་གཏོང་སྐབས་སྟེས་དབང་གིས་གསོ་རིག་སྦྱོང་རྒྱུའི་གདམ་ག་བྱས། སྐབས་ཤིག་རིང་ཁོ་མོར་གསོ་རིག་ཆེད་ལས་བློས་གཏོང་བྱེད་རྒྱུའི་ཐེ་ཚོམ་སྐྱེ་མྱོང་ཡོད། འོན་ཀྱང་ནང་མི་དང་གྲོགས་པོ་ཚོས་གསོ་རིག་སྦྱངས་ན་ཕྱིས་སུ་ཉིང་ཁྲིར་སྨན་པ་བྱེད་ཐུབ་ཅེས་ལྕག་སྐུལ་ཡང་ཡང་བྱས་པ་རེད།
     སློབ་མཐར་ཕྱིན་རྗེས་ཟླ་སྒྲོན་བྲག་ཡིབ་ཆུས་དགུན་ཚང་ཤང་འཕྲོད་བསྟེན་ཁང་དུ་ལས་བགོས་རྒྱག་སྐབས། ཁོ་མོར་སླར་ཡང་ཕྱིར་བཤོལ་གྱི་བསམ་བློ་འཁོར། ཉིང་ཁྲིའི་ཤང་གྲོང་འཕྲོད་བསྟེན་ཁང་ནི་ཁང་པ་གོག་ཧྲུལ་དང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པའི་སྔོན་མའི་སྣང་བ་ཡིད་ལ་འཆར།
     དགུན་ཚང་ཤང་དུ་སླེབས་སྐབས་ཤང་གྲོང་འཕྲོད་བསྟེན་ཁང་སྔོན་ཆད་དང་གཏན་ནས་འདྲ་གི་མེད། ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཉེ་བའི་ལོ་ཤས་རིང་ཉིང་ཁྲིའི་ཤང་གྲོང་གི་སྨན་བཅོས་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་མཉམ་འགུལ་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་སྨན་པས་རྒྱུན་དུ་གཞི་རིམ་དུ་འོས་འགན་སྨན་བཅོས་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་མིར་གཟུགས་པོ་བརྟག་དཔྱད་བྱེད་ཀྱི་ཡོད། དེ་ཡང་ཟླ་སྒྲོན་གྱི་དུས་རྒྱུན་གྱི་ལས་ཀ་གཙོ་བོ་ཞིག་རེད།
     ཕྱིས་སུ་ཟླ་སྒྲོན་བྲག་ཡིབ་ཆུས་མི་དམངས་སྨན་ཁང་དུ་ལས་སྒྱུར་བྱས། ན་ནིང་ཁོ་མོ་ལས་རོགས་པའི་ངོས་ནས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་དྲུག་པས་སྒྲིག་འཛུགས་བྱས་པའི་འོད་ཟེར་བྱ་སྤྱོད་ཀྱི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོར་ཞུགས་ནས། སྐྱ་གྲིབ་གཤགས་བཅོས་ཀྱི་དུས་འགོའི་གྲལ་བཤེར་གྱི་ལས་འགན་ཁུར་བ་རེད། བོད་སྐྱོར་སྨན་པ་དང་མཉམ་དུ་ཟླ་སྒྲོན་གྱིས་བྲག་ཡིབ་ཆུས་ཀྱི་ས་ཆ་མང་པོར་བསྐྱོད་དེ་སྐྱ་གྲིབ་ཕོག་མཁན་མང་པོར་གཤགས་བཅོས་བྱས་པ་རེད།
     ལོ་60ལྷག་ཙམ་ལ་སླེབས་པའི་བོད་རིགས་ཨ་མ་ཞིག་སྐྱ་གྲིབ་ཕོག་ནས་ཡུན་རིང་སོང་བས་མིག་གཉིས་ལོང་ལ་ཁད་དུ་གྱུར་ཡོད། སྨན་པ་ཚོས་སྐྱོབ་བཅོས་ཞིབ་ཚགས་བྱས་པ་བརྒྱུད། ཁོ་མོའི་མིག་ཤེད་སླར་གསོ་ངེས་ཅན་ཐུབ་ཡོད། ན་ནིང་ལོ་གཅིག་རིང་བོད་སྐྱོར་སྨན་པས་གཤགས་བཅོས་འདི་འདྲ་ཐེངས་42བྱས་ཏེ་བོད་རིགས་མང་ཚོགས་ལ་འོད་ཟེར་དང་དྲོ་སྐྱིད་སྦྱིན་ཡོད།
     “བོད་ནི་སྐྱ་གྲིབ་ཕོག་མང་བའི་ས་ཁོངས་ཤིག་རེད། མིག་ནད་ཚན་ཁག་གི་སྨན་པ་བྱས་ན་མིར་རོགས་རམ་མང་པོ་བྱེད་ཐུབ་ཀྱི་འདུག”སྐབས་དེ་དུས་བྲག་ཡིབ་ཆུས་མི་དམངས་སྨན་ཁང་དུ་ད་དུང་མིག་ནད་ཚན་ཁག་མེད། ཟླ་སྒྲོན་གྱིས་རང་འགུལ་ངང་སྨན་ཁང་ལ་རེ་ཞུ་ཕུལ་བ་དང་། གལ་སྲིད་མིག་ནད་ཚན་ཁག་བཙུགས་ན་ཁོ་མོས་མིག་ནད་ཚན་ཁག་གི་སྨན་བཅོས་ཤེས་བྱ་སློབ་སྦྱོང་བྱེད་འདོད་ཡོད་ཅེས་འདུན་ཞུ་ཕུལ།
     བོད་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་། བོད་སྐྱོར་སྨན་པ་ཚོའི་རམ་འདེགས་འོག་བྲག་ཡིབ་ཆུས་མི་དམངས་སྨན་ཁང་གིས་འདི་ལོའི་ཟླ་བཞི་པར་མིག་ནད་ཚན་ཁག་དངོས་སུ་བཙུགས་པ་དང་། ཟླ་སྒྲོན་ཡང་བསམ་པ་བཞིན་མིག་ནད་ཚན་ཁག་གི་སྨན་པར་གྱུར། མིག་ནད་ཚན་ཁག་གི་ལས་ཀར་ཞུགས་ཕྱི་ནའང་ཟླ་སྒྲོན་གྱིས་འབད་བརྩོན་བྱས་པར་འབྲས་བཟང་ཐོབ་ཡོད། ད་ཆ་ནད་པས་ནད་གཞི་ལྟ་བར་ཡོང་ན་ཟླ་སྒྲོན་གྱིས་འགན་གཙོ་བོ་འཁུར་བ་དང་། རྒན་ཧྲའོ་ཝེ་དབྱང་གིས་མཛུབ་ཁྲིད་བྱེད་ཅིང་། སྐབས་འགར་བསམ་འཆར་འདོན་གྱི་ཡོད། “ད་ཆ་ཟླ་སྒྲོན་གྱིས་རྒྱུན་མཐོང་གི་མིག་ནད་སྨན་བཅོས་ཐུབ་ཀྱི་འདུག ཕྱིས་སུ་ལག་རྩལ་དེ་བས་མཐོ་རུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད།
     ཟླ་སྒྲོན་གྱི་འཚར་ལོངས་ནི་ཉེ་བའི་ལོ་ཤས་རིང་བོད་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ཀྱི་དཔེ་མཚོན་ཙམ་ཞིག་རེད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི་ལས་དོན་ཁག་གི་བཀོད་སྒྲིག་དམིགས་སར་འཁྱོལ་བ་བྱས་པས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2012ལོ་ནས་2019ལོའི་བར་བོད་ཀྱི་འཕྲོད་བསྟེན་ལག་རྩལ་པ་11313ནས་20662བར་མང་དུ་ཕྱིན་ནས་འཕར་ཚད་82.6%ཟིན་ཡོད། སྨན་བཅོས་སྒྲིག་གཞིའི་གྲངས་འབོར་104ནས་156བར་འཕར་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི་10134ནས་17073བར་འཕར་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་68.2ནས་ལོ་70.6བར་མཐོ་རུ་ཕྱིན་པ། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་ཐང་ཁེ་དབང་འགན་ལེན་ནུས་ལྡན་བྱུང་བ་རེད།