འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎རྔ་པ་ཀྲོའུ་གཟི་རྩ་སྡེ་དགུའི་མེ་སྟག་མཚོའི་མཛེས་ལྗོངས་ཁུལ་རྒྱལ་སྟོན་གོང་དུ་སྒོ་མོ་འབྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སི་ཁྲོན་ཞིང་ཆེན་གཟི་རྩ་སྡེ་དགུའི་མཛེས་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར། རིགས་གཅིག་མཁས་ཅན་གྱིས་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་མེ་སྟག་མཚོ་སྲུང་སྐྱོང་དང་སྐྱེད་སྲིང་གི་ཚོད་ལྟའི་རང་བཞིན་གྱི་ཞིབ་འཇུག་རྣམ་གྲངས་ལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་སྔོན་དཔག་ཕན་འབྲས་ཐོན་པའི་ངོས་འཛིན་བྱས་པ་དང་མེ་སྟག་མཚོ་མཛེས་ལྗོངས་ཁུལ་རྒྱལ་སྟོན་གོང་དུ་སྒོ་མོ་འབྱེད་རྒྱུ་རེད།
     མེ་སྟག་མཚོ་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་གཟི་རྩ་སྡེ་དགུ་རྫོང་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་2187དང་གཏིང་ཚད་སྨི་9ཟིན་ཡོད། 2017ལོའི་ཟླ་8ཚེས་8ཉིན་གྱི་གཟི་རྩ་སྡེ་དགུའི་ས་ཡོམ་ཁྲོད་གཟི་རྩ་སྡེ་དགུའི་ཤུལ་བཞག་ཁུལ་གྱི་མཛེས་རིག་རིན་ཐང་ལ་ཤུགས་རྐྱེན་ཚབས་ཆེན་ཕོག་པ་རེད། གཞན་ཡང་། མེ་སྟག་མཚོའི་སྟོད་རྒྱུད་ཀྱི་འབབ་ཆུའི་ཆུ་རགས་ལ་སེར་ག་གས་པ་དང་རྡིབ་པ་སོགས་ཀྱི་ཞོར་ཐོན་གནོད་འཚེ་ཐོན་ནས་ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བཟོས་ཡོད།
     ས་གནས་དེ་གའི་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འཛམ་གླིང་རང་བྱུང་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་ཕྱོགས་བསྡུས་ཚོད་སྐོར་བྱས་པ་བརྒྱུད། ས་གནས་དེ་གས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཐེངས་མང་བྱས་ཏེ་ས་ཡོམ་ནང་གཏོར་སྐྱོན་ཕོག་པའི་མེ་སྟག་མཚོའི་ཉེ་འཁོར་དུ་རྩད་ཞིབ་དང་། ཚན་རིག་ཐོག་ནས་ཁུངས་སྐྱེལ་བ། ཇུས་གཞི་བསྡུར་བ་བཅས་བྱས་ཏེ། 2019ལོའི་ཟླ་4པར་ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སྲུང་སྐྱོང་རྣམ་གྲངས་ལག་བསྟར་བྱེད་པའི་སྣེ་ཁྲིད་ཚན་པར་གཏན་འཁེལ་བྱས་པ་དང་། སི་ཁྲོན་སློབ་ཆེན་དང་སི་ཁྲོན་ཞིང་ལས་སློབ་ཆེན་མཉམ་ཞུགས་ཚན་པར་བྱས་ནས་དེ་གའི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་དང་། རྩི་ཤིང་སྣོད་བཅུད་སླར་གསོའི་ལས་འགན་འཁུར་དུ་བཅུག་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་ཚོགས་ཆུང་གིས་ཉམས་བཟོ་དང་སླར་གསོའི་ལག་རྩལ་ཇུས་གཞི་བཟོས་ཏེ་ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་པའི་ཆུ་རགས་དང་རྩི་ཤིང་ཉམས་བཟོ་བྱས་པས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཕན་འབྲས་བཟང་པོ་ཐོན་ཡོད། འདི་ལོའི་ཟླ་8པར་གཟི་རྩ་སྡེ་དགུ་རྫོང་གི་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་ཆུ་ལོག་གནོད་འཚེའི་ནང་། མེ་སྟག་མཚོའི་ཉམས་བཟོ་བྱས་པའི་ཆུ་རགས་བརྟན་པོར་གནས་ཤིང་གནོད་འཚེ་ཉུང་གཏོང་དང་སྙོམས་སྒྲིག་གི་ནུས་པ་ཐོན་ཡོད།