འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དགོངས་དོན་དང་
རྩ་དོན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུའི་ཁས་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཚེས་26ཉིན་ཉིན་ལྔ་པར་སླེབས་ཡོད། རྒྱལ་ཁབ་མང་པོའི་ཙུང་ལི་དང་ཕྱི་འབྲེལ་པུའུ་ཀྲང་གིས་བརྙན་ལམ་བརྒྱུད་གཏམ་བཤད་སྤེལ་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ་ཕྱོགས་རྐྱང་རིང་ལུགས་གཏན་འགོག་བྱས་ནས་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུའི་ཁས་ལེན་བྱས་པ་རེད།
     བྷང་ག་ལ་རྒྱལ་ཁབ་ཀྱི་ཙུང་ལི་ཞེ་ཧོ·ཧ་ཤིས་ནཱ་ཡིས། ཏོག་གསར་རིམས་ནད་ལས་ཕྱོགས་མང་རིང་ལུགས་ཀྱི་མེད་ཐབས་མེད་པའི་གལ་ཆེན་རང་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། “མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་75འཁོར་བའི་སྐབས་སུ། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནང་གསལ་བའི་ཕྱོགས་མང་རིང་ལུགས་ཀྱི་ཁས་ལེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་ཡིན” བྷང་ག་ལ་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་ཀྱི་རིན་ཐང་ལྟ་བ་སྲུང་སྐྱོང་བྱེད་རྒྱུར་ཧུར་ཐག་གཞོལ་ནས་དབུལ་ཕོངས་དང་བཤུ་གཞོག་མེད་པའི་རྒྱལ་ཁབ་གསར་པ་ཞིག་ཧུར་ཐག་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད།
     པ་ཧ་མའི་ཙུང་ལི་ཤིའུ་པོ་ཐེ·མིང་ཉི་སིས། པ་ཧ་མས་བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱ་རྒྱུ་ཡིན་ཞེས་ཁས་བླངས་པ་རེད།
     སི་རི་ཡའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཝ་ལི་ཏེ·མུའུ་ཨ་ལི་མུའུ་ཡིས། རྒྱལ་ཁབ་ཁག་གཅིག་གིས་ཕྱོགས་རྐྱང་པའི་ཐོག་ནས་སྤྱད་པའི་བཙན་ཤེད་ཀྱི་བྱ་ཐབས་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བ་མངོན་གསལ་དོད་པོ་རེད། “ང་ཚོས་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་བྱ་ཐབས་དེ་དག་ལ་ངོ་རྒོལ་བྱེད་མཁན་རྒྱལ་ཁབ་རྣམས་མཐུན་སྒྲིལ་བྱས་ནས་ཕྱོགས་རྐྱང་པའི་བྱ་ཐབས་ལ་ངོ་རྒོལ་བྱས་ཏེ་དེ་ལས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།