འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་28ཉིན།

༄༅༎“ལུག་རྫི”ལྷ་མོ་སྐྱབས་ཀྱི་ཕྱུག་འགྱུར་ལམ་བུའི་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་28ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལྷ་མོ་སྐྱབས་ཀྱི་ནང་མི་ཚང་མ་རྫོང་གྲོང་དུ་གཞིས་ཆགས་ནས་ད་བར་ལོ་4སོང་ཞིང་། གྲོགས་པོ་དང་མཉམ་འཛོམས་བྱེད་པའི་སྐབས་སུ་ཁོ་པས་སྐབས་རེ་དགོད་སློང་བཞིན་དུ“ང་སྔར་བཞིན་ལུག་རྫི་ཞིག་ཡིན”ཞེས་བརྗོད་ཀྱི་ཡོད། འོན་ཀྱང་གྲོགས་པོ་ཚོས་ཁོ་པས་ངོམ་བཟོ་བྱེད་ཀྱི་འདུག་སྙམ།
     ད་ལོ་ལོ་34ལ་སླེབས་པའི་ལྷ་མོ་སྐྱབས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་བྲག་དམར་གྲོང་ཚོའི་སྡེ་ཁུལ་གཉིས་པའི་འབྲོག་པ་ཡིན། ཆུང་བྱིས་པའི་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་བ་ཞིག་ཡིན། ཁོ་པ་ཕྲུ་གུ་གཉིས་ཀྱི་ཕ་ཆག་རྗེས། ཉིན་ཞིག་རྩྭ་ཐང་ནས་ཁ་བྲལ་དགོས་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།
     2016ལོའི་ལོ་མཇུག་ཏུ་ཁོང་གི་ནང་མིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལོངས་སྤྱོད་བྱས་ཏེ་རྩྭ་ཐང་ནས་རྫོང་གྲོང་དུ་སྤོས་རྗེས་ཁོ་པ་གཅིག་ནས་དགའ་ཚོར་སྐྱེས་པ་དང་། གཉིས་ནས་བློ་མི་བདེ་བའང་བྱུང་ཡོད།
     “རང་ཉིད་ཀྱིས་སྒོར་ཁྲི་1ལས་བཏང་མེད་པར་རྫོང་གྲོང་དུ་སྤོས་པ་དང་ཐོག་བརྩེགས་ཁང་པའི་ནང་སྡོད་རྒྱུ་བྱུང་བས་དགའ་ཚོར་ལོས་བྱེད། འོན་ཀྱང་རྩྭ་ཐང་ནས་ཁ་བྲལ་རྗེས་རང་ཉིད་ལ་ནོར་ལུག་མེད་པས་ནང་མི་ཚང་མའི་འཚོ་རྟེན་གང་ལ་བཅོལ་དགོས་སམ། རྩྭ་ཐང་བདག་སྐྱོང་བའི་སྤྱི་ཕན་ལས་གནས་དང་རྩྭ་ཐང་ཁ་གསབ་བྱ་དགའི་ཡོང་འབབ་ཁོ་ནར་བརྟེན་ན་ཕྱུག་པོ་ཇི་ལྟར་ཆགས་ཐུབ་སོགས་ཀྱི་གནད་དོན་དེ་ཚོ་བསམ་བློར་འཁོར་རིམ་བཞིན་དབང་མེད་དུ་དངངས་འཚབ་ལངས་ཀྱི་འདུག”ཅེས་ལྷ་མོ་སྐྱབས་ཀྱིས་བརྗོད།
     ལྷ་མོ་སྐྱབས་ཀྱི་སེམས་ཁྲལ་དང་བློ་མི་བདེ་བ་དེ་ཡུན་རིང་མ་སོང་བར་རྦད་དེ་ཡལ་བ་རེད། 2017ལོའི་ལོ་འགོར་ས་གནས་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དུད་ཚང་དབུལ་པོར་དམིགས་ནས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན་པའི་སྐོར་ཐོས་རྗེས། ཁོ་པས་ཐེ་ཚོམ་སྤུ་ཙམ་མེད་པར་མིང་ཐོ་བཀོད་པ་རེད།
     ལྷ་མོ་སྐྱབས་ཀྱིས་བདམས་པའི་གསོ་སྦྱོང་རྣམ་གྲངས་ནི་ཁང་པ་མཛེས་བཟོའི་ལག་རྩལ་གསོ་སྦྱོང་རྣམ་གྲངས་རེད། འོན་ཀྱང་། ད་བར་འབྲོག་ལས་ཁོ་ན་ལས་མི་ཤེས་པའི་འབྲོག་པ་ཞིག་གི་ངོས་ནས་བརྗོད་ན། ཁང་པ་མཛེས་བཟོའི་ལས་ཀ་དེ་སྟབས་བདེ་པོ་ཞིག་ག་ལ་ཡིན།
     “དང་ཐོག་ལས་སླ་ཤོས་ཀྱི་རྒྱན་སྤྲོས་རྒྱུ་ཆའང་ངོ་ཤེས་ཀྱི་མེད་པས་དཔེ་རིས་དེ་བས་ལྟ་ག་ལ་ཤེས། གསོ་སྦྱོང་འགོ་ཚུགས་མ་ཐག་ནས་ཕྱིར་བཤོལ་བྱ་རྒྱུའི་བསམ་བློ་འཁོར་མྱོང་ཡོད། འོན་ཀྱང་མཐར་རང་ཉིད་ཀྱིས་རྒྱུན་འཁྱོངས་བྱས་པ་ཡིན”ཞེས་ལྷ་མོ་སྐྱབས་ཀྱིས་གསར་འགོད་པར་བརྗོད་བྱུང་།
     མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གཅིག་ཀྱང་མེད་ཅེས་པའི་དཔེ་ལྟར། ཁང་པ་མཛེས་བཟོའི་གསོ་སྦྱོང་འཛིན་གྲྭ་ནས་ཐོན་རྗེས། ལྷ་མོ་སྐྱབས་ཀྱིས་མཛེས་བཟོ་ཀུང་སི་ཞིག་ཏུ་གླ་པ་བྱེད་པར་ཕྱིན། ཁོ་པས་དེ་གར་ལས་ཀ་བྱེད་ཀྱིན་དུ་སློབ་སྦྱོང་བྱས་ཏེ་ཁང་པ་མཛེས་བཟོའི་རྒྱུན་ཤེས་ཁོང་དུ་ཆུད་པ་མ་ཟད། ད་དུང་ས་གནས་དེ་གའི་མཛེས་བཟོ་ཁྲོམ་ར་དང་དོ་དམ་ཐད་ཀྱི་ཐབས་ལམ་ཁ་ཤས་ཀྱང་རྙེད་པ་རེད།
     2018ལོར་ལྷ་མོ་སྐྱབས་ཀྱིས་རྨ་ལྷོ་རྫོང་ཨལ་ཐན་ཧན་མཛེས་བཟོ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པ་དང་འབྲེལ། གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ལོ་དེ་རང་ལ་ཡོང་འབབ་སྒོར་ཁྲི་4བྱུང་བ་རེད།
     “ཀུང་སི་གཉེར་སྐྱོང་བྱེད་འགོ་ཚུགས་པ་ནས་བཟུང་། ལས་ཀ་ཆད་མྱོང་མེད་ལ། རྫོང་གྲོང་དུ་སྐད་གྲགས་ངེས་ཅན་ཆོད་ཡོད། ན་ནིང་ནས་བཟུང་ཀུང་སིས་མི་8གླས་པ་ཡིན། དེའི་ནང་མི་6ནི་སློབ་ཆེན་སློབ་མ་རེད”ཅེས་ལྷ་མོ་སྐྱབས་ཀྱིས་སྤོབས་པ་ཆེན་པོས་གསར་འགོད་པར་བརྗོད་བྱུང་།
     རང་ཉིད་ཀྱི་ཁྱོ་ག་གོམ་པ་རེ་རེ་བཞིན“ལུག་རྫི”ཞིག་ནས་སྦྱིན་བདག་ཆུང་ཆུང་ཞིག་ལ་འགྱུར་བ་མཐོང་སྐབས་ལྷ་མོ་སྐྱབས་ཀྱི་ཆུང་མ་པད་མ་མཁའ་འགྲོ་ལས་མེད་བག་ཕེབས་སུ་སྡོད་ག་ལ་ཐུབ། ཕྲུ་གུ་གཉིས་པོ་རྫོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་འགྲོ་གི་ཡོད་པས་གཟའ་འཁོར་གཅིག་ལ་ཐེངས་གཅིག་ལས་ལོག་རྒྱུ་མེད། ང་རང་རྒྱུན་དུ་ཁྱིམ་ལས་མང་པོ་མེད་པས་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་ནས་ལས་ཀ་ཞིག་བཙལ་ན་མི་ལེགས་སམ་སྙམ།
     དེ་ནས་2019ལོར་པད་མ་མཁའ་འགྲོས་ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོར་དམིགས་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་རྗེས་ཁ་ལོ་བའི་ལག་ཁྱེར་བླངས་པ་རེད།
     “ཁ་ལོ་བའི་ལག་ཁྱེར་རག་རྗེས། སྐབས་ཤིག་རིང་མི་གཞན་ལ་བདལ་གཏོང་རླངས་འཁོར་གཏོང་རོགས་བྱས་པ་ཡིན། ད་ལོའི་ཟླ་5པར་དབུལ་སྐྱོར་དངུལ་བུན་སྤྱད་དེ་རླངས་འཁོར་གཅིག་ཉོས་པ་ཡིན། ད་ཕན་ཟླ་ཤས་རིང་བདལ་གླ་རྒྱུག་པ་བརྒྱུད་འགྲོ་སོང་ཚང་མ་ཕུད་རྗེས་ཆ་སྙོམས་ཉིན་རེར་ཡོང་འབབ་སྒོར་200འདུག”ཅེས་པད་མ་མཁའ་འགྲོས་བརྗོད་བྱུང་།
     རྨ་ལྷོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ལས་བྱེད་པ་ཅི་ཤན་གྱིས། 2016ལོ་ནས་བཟུང་། རྫོང་གིས་མང་ཚོགས་དབུལ་པོར་དུས་ཐུང་གི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་43གཉེར་བ་དང་གསོ་སྦྱོང་གི་རྣམ་གྲངས་མི་འདྲ་བ་ཁག་11བྱས་ཡོད། དེའི་རིང་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་བྱས་པའི་མི་གྲངས་3000ཙམ་ཟིན་པ་དང་། དེའི་ནང་ལྷ་མོ་སྐྱབས་དང་འདྲ་བའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་39ཐོན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
     “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ད་དུང་ཕྱུག་འགྱུར་ཐུབ་པ་བྱེད་དགོས། གསོ་སྦྱོང་བྱས་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོས་ལག་ཤེས་སྣ་གཅིག་ཁོང་དུ་ཆུད་དེ་ལས་ཞུཌ་དང་ལས་གཏོད་ཐུབ་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཚེ། གཞི་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ལྡན་ངང་བརྟན་དུ་གཏོང་ཐུབ་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ”ཅེས་ཅི་ཤན་གྱིས་བརྗོད་བྱུང་།
     ད་ཆ་ཁང་པ་མཛེས་བཟོའི་ལས་ཀ་བྱེད་བཞིན་པའི་ལྷ་མོ་སྐྱབས་ཀྱིས་རང་ཉིད་ཀྱི་ཁྱིམ་ལ་མཛེས་རྒྱན་ལེགས་པར་སྤྲས་ཏེ་ཁང་པའི་ནང་ནས་དེང་རབས་ཀྱི་ཉམས་མདངས་མངོན་པ་མ་ཟད། ད་དུང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཀྱང་མངོན་ཞིང་། དེའི་ཁྲོད་ནས་དོ་སྣང་ཆེ་ཤོས་བྱུང་བ་ནི་ཁང་པའི་གྱང་སྟེང་དུ་བཀལ་བའི་ཕྲུ་གུའི་གཟེངས་བསྟོད་ལག་ཁྱེར་དང་དབུལ་སྒྲོལ་གཟི་བརྗིད་དུད་ཚང་གྱི་གཟི་བརྗིད་མཚན་སྙན་ལག་ཁྱེར་དེ་རེད་འདུག