འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་28ཉིན།

༄༅༎ཐེ་རོན་ཕུས་པ་ལེ་ཐེ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོར་མིང་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་27ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་རྒྱལ་ཕྲན་མཉམ་འབྲེལ་གྱི་སྐོར་སྐྱོད་གོང་གཏུག་ཁྲིམས་ཁང་བདུན་པའི་ཁྲིམས་དཔོན་ཨའེ་སྨི་ཁོའོ་ཉི་པ་ལེ་ཐེ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོར་མིང་བཏོན་ནས། ཉེ་ཆར་ཚེ་ལས་འདས་པའི་ལུའུ་སི་པ་ཏེ་ཅིན་སི་པོ་ཀེ་ཡི་ཚབ་བྱས་པ་རེད།
     ཐེ་རོན་ཕུས་དེ་ཉིན་ཕོ་བྲང་དཀར་པོའི་རྒྱ་སེ་མེ་ཏོག་གླིང་དུ་མིང་འདོན་དེ་ཁྱབ་བསྒྲགས་བྱས་པ་རེད། ཐེ་རོན་ཕུ་ཡིས་པ་ལེ་ཐེ་ལ་ཐུན་མོང་མ་ཡིན་པའི་ནུས་རྩལ་དང་གཤིས་རྒྱུད་ལྡན་ལ། ཁོས་མིང་འདོན་གཏན་འཁེལ་མ་བྱས་གོང་པ་ལེ་ཐེའི་ལོ་རྒྱུས་ལ་ཞིབ་འཇུག་ཞིབ་ཕྲ་བྱེད་མྱོང་ཡོད་པ་བརྗོད་ཅིང་། རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མས“མྱུར་བར”མིང་འདོན་དེར་ཆོག་མཆན་སྤྲོད་དགོས་ཞེས་བརྗོད།
     པ་ལེ་ཐེ་ནི་ཐེ་རོན་ཕུས་ཙུང་ཐུང་གི་འགན་བཞེས་ཚུན་མིང་བཏོན་པའི་རྙིང་ཞེན་ཕྱོགས་ཁག་གི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་གསུམ་པ་དེ་རེད། འབྲེལ་ཡོད་གོ་རིམ་ལྟར་གྲོས་ཁང་གོང་མས་མིང་འདོན་དཔང་ཉན་ཚོགས་འདུ་འཚོགས་ནས་པ་ལེ་ཐེས་གོ་གནས་འཁུར་རྒྱུ་ཆོག་མཆན་སྤྲོད་མིན་ལ་བརྡས་ཐག་གཅོད་དགོས་པ་རེད།
     ལོ་48ལ་སླེབས་པའི་པ་ལེ་ཐེ་ཨ་རིའི་ལུའུ་དབྱི་སི་ཨན་ན་མངའ་སྡེ་ཡི་ཉིའུ་ཨོར་ལེའང་གྲོང་ཁྱེར་དུ་སྐྱེས་པ་ཡིན་ལ། ནོར་ཐྲེ་ཏམ་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་ནས་མཐར་ཕྱིན་པ་རེད། དེ་སྔ་འདས་ཟིན་པའི་རྙིང་ཞེན་ཕྱོགས་ཁག་གི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་ཨན་ཏུང་ཉིང་སི་ཁ་ལི་ཡའི་ལས་རོགས་བྱས་མྱོང་ཡོད་པ་དང་། ད་ལྟ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྐོར་སྐྱོད་གོང་གཏུག་ཁྲིམས་ཁང་བདུན་པའི་ཁྲིམས་དཔོན་རེད།
     ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་དཔོན་ཆེན་མོ་9ཡོད་པ་དང་། དེ་གོང་རྙིང་ཞེན་ཕྱོགས་ཁག་གི་ཁྲིམས་དཔོན་ཆེན་མོ་5དང་ཅིན་སི་པོ་ཀེ་ཚུད་པའི་རང་དབང་ཕྱོགས་ཁག་གི་ཁྲིམས་དཔོན་ཆེན་མོ་4ལས་གྲུབ་ཡོད། ཟླ་འདིའི་ཚེས་18ཉིན། ཅིན་སི་པོ་ཀེ་སྤོ་སྒྱུར་རང་བཞིན་གྱི་གཤེར་མའི་འབྲས་སྐྲན་གྱི་དབང་གིས་ཚེ་ལས་འདས། གལ་ཏེ་པ་ལེ་ཐེ་ལ་གྲོས་ཁང་གོང་མའི་ཆོག་མཆན་ཐོབ་ན། རྙིང་ཞེན་ཕྱོགས་ཁག་གི་ཁྲིམས་དཔོན་ཆེན་མོའི་མི་གྲངས་དྲུག་ཏུ་འཕར་རྒྱུ་རེད།
     ཨ་རིའི་འདེམས་བསྐོ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་སུ་ཅིན་སི་པོ་ཀེ་ཚེ་ལས་འདས་པ་དེས་དམངས་གཙོ་ཏང་དང་སྤྱི་མཐུན་ཏང་གཉིས་ཀྱིས་ཁྲིམས་དཔོན་ཆེན་མོ་གསར་པའི་འོས་མི་མགྱོགས་མྱུར་ངང་གཏན་འཁེལ་བྱེད་དགོས་མིན་གྱི་སྐོར་རྩོད་གླེང་དྲག་པོ་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དམངས་གཙོ་ཏང་མི་དང་སྤྱི་མཐུན་ཏང་གི་སྐྱིད་སྡུག་ནས་ཡིན་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་གྲོས་མི་ཉུང་ཤས་ཀྱིས་ཟླ་11ཚེས་3ཉིན་གྱི་འདེམས་བསྐོ་ཆེན་མོའི་འདེམས་ཤོག་མ་འཕངས་གོང་ནས་མིང་འདོན་འོས་མིར་བརྡས་ཐག་གཅོད་པར་ངོ་རྒོལ་བྱེད་པ་དང་། སྤྱི་མཐུན་ཏང་མིས་ཡོངས་ཁྱབ་ཏུ་དེ་ལས་ལྡོག་པའི་ལྟ་བ་འཛིན་གྱི་ཡོད།